Central Council of Tibetan Medicine

གསར་གནས།

ལྷན་ཚོགས་ཚོགས་ཐེངས་༣༦ པ་བསྐོང་ཚོགས་ཞུས་པ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༢༢ ཟླ་༥ ཚེས་༡༡ ནས་ཚེས་༡༣ བར་ཉིན་ གསུམ་རིང་ལྷན་ཚོགས་ཚོགས་ཐེངས་༣༦ པ་དེ་བསྐོང་ཚོགས་ཞུས། ཚོགས་འདུའི་གྲོས་གཞི་གཙོ་བོ་བོད་ཀྱི་གསོ་བ་ རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་། དེ་བཞིན་ཁྲིམས་སྒྲིག་དགོངས་དོན་ལས་དོན་བསྐྱར་ཞིབ། ཁྲིམས་ཡིག་བསྐྱར་ བཅོས་འཆར་འབུལ། གཡུ་ཐོག་གཟེངས་རྟགས་འདེམ་སྒྲུག་ཚོགས་ཆུང་གི་ཚོགས་མི་དང་ལས་རིམ། གསོ་བ་རིག་པའི་ ཉིན་མོ་སྲུང་བརྩི་ཐེངས་བཞི་དང་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་བསྐོང་འཚོག་ དང་འབྲེལ། དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་དུ་རྟོགས་ཞིབ་གནང་བའི་ལས་བསྡོམས་ སྙན་ཐོར་གཟིགས་ཞིབ་ཐག་གཅོད། དེ་བཞིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྟོགས་ཞིབ་གནང་བའི་ལས་ བསྡོམས་སྙན་ཐོར་གཟིགས་ཞིབ་ཐག་གཅོད། ལྷན་ཚོགས་སྐབས་བདུན་པའི་ཚོགས་མིའི་འོས་བསྡུ་དང་འབྲེལ་ལས་རིམ་ དང་རྩིས་སྤྲོད་རྩིས་ལེན་དུས་ཚེས། གཞན་ཡང་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་རྣམ་པའི་འཚོ་སྣོན་དང་ཚོགས་དོད། འགྲུལ་ཁང་གླ་དོད་སོགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིར་བསྐྱར་ཞིབ་བསྐྱར་བཅོས་ཞུས་ཡོད། ལྷན་ཚོགས་ཚོགས་ ཐེངས་༣༦ པ་འདིའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། མཐོ་སློབ་ཁག་གི་སློབ་སྤྱི། གསོ་རིག་འབུམ་བཞིའི་ སྨན་པའི་སྐུ་ཚབ་དང་བོད་རིགས་མ་ཡིན་པའི་སྨན་པའི་སྐུ་ཚབ་བཅས་ངོ་བཅར་མཉམ་བཞུགས་གནང་ཡོད། ཚོགས་འདུའི་ མཇུག་སྡོམ་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་མཆོག་དང་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ གདན་ཞུས་ཀྱིས་ལྷན་ཚོགས་ཀྱི་ལས་དོན་སྙན་གསེང་དང་བཀའ་བསྡུར་ཞུ་སྒོ་ཁག་ལ་བཀའ་བསྡུར་ཞུས་པ་བཅས་ལྷན་ཚོགས་ཚོགས་ཐེངས་༣༦ པ་ལེགས་པར་མཇུག་སྒྲིལ།།

དཔལ་སྤུངས་གསོ་རིག་མཐོ་སློབ་ཏུ་རྟོགས་ཞིབ་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༢༢ ཟླ་༥ ཚེས་༧ ཉིན་འདི་ནས་རྟོགས་ཞིབ་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་ཆུང་གི་ཚོགས་མི་རྣམས་དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་དུ་རྟོགས་ཞིབ་ཆེད་བསྐྱོད་གནང་། ཚོགས་ཆུང་གི་ཚོགས་མིར་ལྷན་ཚོགས་ཀྱི་ཚོགས་གཞོན་སྨན་རམས་པ་ཆོས་ལོ་ཐར་ལགས་དང་༼གཙོ་སྐྱོང་༽ ལྷན་ཚོགས་ཚོགས་མི་སྨན་པ་ཐོགས་མེད་ལགས། སྦིར་འཕྲོད་བསྟེན་སྨན་ཁང་གི་སྨན་པ་ཡོན་ཏན་མཚོ་མོ་ལགས། སྦིར་སྡེ་དགེ་ས་གནས་འགོ་འཛིན་སྐུ་ཞབས་ཚེ་རིང་ཕུན་ཚོགས་ལགས་བཅས་ཡིན། རྟོགས་ཞིབ་ལས་རིམ་གྱི་ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་རྟོགས་ཞིབ་ཀྱི་དམིགས་ཡུལ་དང་ཚོགས་མི་རྣམས་ངོ་སྤྲོད་ཞུས། དེ་རྗེས་མཐོ་སློབ་སློབ་སྤྱི་སྨན་རམས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས་ནས་མཐོ་སློབ་ཀྱི་ངོ་སྤྲོད་དང་དེབ་སྐྱེལ་འགེངས་ཤོག་ནང་གསལ་ཡིག་ཆ་རྣམས་གསལ་དཀྲོལ་དང་འབྲེལ་སློབ་འཁྲིད་སློབ་ཚན་དང་བྱེད་སྒོ་ཁག་ངོ་སྤྲོད་ཞུས། དེ་ནས་ཚོགས་མི་རྣམས་མཐོ་སློབ་ཀྱི་བརྟག་དཔྱད་སྨན་ཁང་དང་འཇམ་དཔྱད་སྡེ་ཚན། ཡིད་འཕྲོག་སྨན་གྱི་ལྡུམ་ར་བདུད་རྩིའི་གཏེར་མཛོད་དབུས་ཕྱོགས་ལྟ་ན་སྡུག་གི་ཚལ། ཡིད་འཕྲོག་ལྡུམ་ར་བདུད་རྩི་གཏེར་མཛོད་ཤར་ཕྱོགས་བི་མ་ལའི་ཚལ། གསོ་རིག་གཡོས་སྦྱོར་ཁང་དང་ལུས་རྩལ་རྩེད་ཐང་། གདན་སའི་དཔེ་མཛོད་ཆེན་མོ། རིག་དངོས་འགྲེམས་སྟོན་ཁང་། ཡིད་འཕྲོག་ལྡུམ་ར་བདུད་རྩིའི་གཏེར་མཛོད་ནུབ་ཕྱོགས་མ་ལ་ཡའི་ཚལ། གསོ་རྩིས་འགྲེམས་སྟོན་ཁང་། མཐོ་སློབ་ཡིག་ཚང་། སྨན་སྦྱོར་ཁང་། འཛིན་ཁང་། གཡུ་ཐོག་མཆོད་ཁང་། སྡེ་ཚན་གྱི་དཔེ་མཛོད་དང་དཔེ་ཆ་བལྟ་ཀློག་ཁང་བཅས་ཁྱོན་ཡོངས་ལ་གཟིགས་ཞིབ་ལེགས་པར་གནང་ནས་ཕྱི་དྲོ་ཆུ་ཚོད་༤།༣༠ ཙམ་ལ་མཇུག་བསྡོམས་གནང་། བོད་ཀྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པའི་སློབ་གཉེར་ཁང་ངོས་ལེན་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་དགོངས་དོན་རྟོགས་ཞིབ་ཚོགས་ཆུང་གི་ལས་བསྡོམས་དང་རྒྱབ་གཉེར་ཡིག་ཆ། དེ་བཞིན་རྟོགས་ཞིབ་ཚོགས་མི་རང་ངོས་ཀྱི་དགོངས་ཚུལ་འགེངས་ཤོག་བཅས་ལྷན་ཚོགས་ཀྱི་ཡིག་ཚང་དུ་གནང་འབྱོར་བྱུང་བར་ལྷན་ཚོགས་ཚོགས་ཐེངས་༣༦ པའི་ཐོག་གོང་གསལ་ཡིག་ཆ་ཁག་ལ་གཟིགས་ཞིབ་གྲོས་བསྡུར་གྱིས་ཐག་གཅོད་ཞུ་རྒྱུ་བཅས།།

གཡུ་ཐོག་སྙིང་ཐིག་བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་དབང་ལུང་ཁྲིད་དང་། དངོས་གཞི་སྒྲུབ་པའི་བསྙེན་མཚམས་ཞག་བརྒྱ་དངོས་སུ་དབུ་འཛུགས་པ།

ཇི་ལྟར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་སྔ་རྗེས་ལན་གྲངས་དུ་མ་གསོལ་འདེབས་ཞུས་པ་ལས། ཁྱབ་བདག་འཁོར་ལོའི་མགོན་པོ་ ༸ བྱམས་མགོན་རྡོ་རྗེ་འཆང་མཆོག་གི་ཞལ་སྔ་ནས་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་གླིང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དབུ་ལས་སྨན་པ་རྣམས་དང་། གདན་སའི་རིག་གནས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་ལ་བདེ་གཤེགས་སྨན་བླ་མི་གཟུགས་སུ་བྱོན་པ་འཚོ་མཛད་གྲུབ་པའི་དབང་ཕྱུག་གཡུ་ཐོག་ཡོན་ཏན་མགོན་པོའི་དགོངས་པའི་ཀློང་ནས་རང་བྱུང་དུ་བརྡོལ་ཅིང་བརྒྱུད་འཛིན་གཙོ་བོ་སུམ་སྟོན་ཡེ་ཤེས་གཟུངས་ལ་ཆིག་བརྒྱུད་དུ་བསྩལ་པའི་བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་གྱིས་སྐུ་དྲིན་སྩལ་གནང་མཛད་པ་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༨ དང་ ༩ ཉིན་གཉིས་རིང་གདམས་ཟབ་བཀའ་ཡི་གཉེར་གཏད་དང་བཅས་རྩ་བའི་དབང་བསྐུར་རྒྱས་པ་དང་། དོན་དབང་མདོར་བསྡུས། བཀྲ་ཤིས་ཚེ་དབང་། ཕུར་པའི་གཏོར་དབང་། སྨན་བླའི་དབང་ཆོག་སོགས་རིག་གཏད་དང་རྗེས་གནང་ཆ་ལག་དང་བཅས་པ་བསྩལ་གནང་མཛད་པ་དང་། ཕྱི་ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་ཕྱི་ནང་གསང་བའི་སྒྲུབ་ཐབས་སོ་སོའི་སྔོན་འགྲོ་གསག་སྦྱོང་གི་རིམ་པ། དངོས་གཞི་སྒོམ་བཟླས་ཀྱི་ཡན་ལག རྗེས་འཕྲིན་ལས་ཀྱི་སྦྱོར་བ་སོགས་བསྐྱེད་རྫོགས་ལམ་གྱི་རིམ་པ་དག་ལ་ཇི་ལྟར་སློབ་ཚུལ་གྱི་ལག་ལེན་དམར་ཁྲིད་མཛད་པའི་ཁར་བླ་སྒྲུབ་ཀྱི་སྒྲུབ་ཁོག་དང་འདོན་ཆ་ཡོངས་རྫོགས་ཀྱི་ལྗགས་ལུང་བསྩལ་གནང་མཛད་ཅིང་རྗེ་བླ་མ་མཆོག་ནས་བོད་ཀྱི་སྐད་ཡིག་གཙོས་པའི་བཅུ་ཕྲག་རིག་གནས་སྤྱི་དང་། ལྷག་ཏུ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རྒྱུན་འཛིན་དར་སྤེལ་ཆེད་སྒོ་ཀུན་ནས་འབད་འབུངས་དགོས་ཤིང་། དེ་ཡང་སློབ་བཤད་དང་སྨན་དཔྱད་ལག་ལེན་ཙམ་གྱིས་མི་ཆོག་པར་གསོ་རིག་ཆོས་སྐོར་གྱི་དབང་ལུང་མན་ངག་དང་སྒོམ་སྒྲུབ་ཉམས་ལེན་གྱི་རྒྱབ་རྟེན་ཤིན་ཏུ་གལ་ཆེ་ཚུལ་སོགས་གནད་ལ་སྨིན་པའི་ལམ་སྟོན་བཀའ་སློབ་རྒྱ་ཆེར་སྐུ་དྲིན་བསྩལ་གནང་མཛད། དེ་ལྟར་གཡུ་ཐོག་སྙིང་ཐིག་བླ་སྒྲུབ་ཀྱི་དབང་ལུང་ཁྲིད་རྒྱུན་ཐོབ་རྗེས་ཉིན་གཉིས་ཀྱི་རིང་གེགས་སེལ་རིམ་གྲོ་གནད་སྨིན་ཟབ་སྒྲུབ་ཞུས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༥ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་འདུན་པ་ཅན་ངོ་གྲངས་༡༡ དང་དེ་བཞིན་བསྒྲུབ་དཔོན་དང་དབུ་མཛད། མཆོད་དཔོན་དང་མཆོད་གཡོག་བཅས་གདན་ས་དཔལ་སྤུངས་ཤངས་པ་སྒྲུབ་ཁང་དུ་སྨན་རྒྱལ་རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་སྙིང་ཐིག་ཕྱི་ནང་གསང་གསུམ་ཀྱི་བླ་སྒྲུབ་ཞག་བརྒྱའི་བསྙེན་མཚམས་བཅད་རྒྱ་ཡོངས་སུ་བསྡམས་ནས་ཉམས་ལེན་དངོས་གཞི་སྒོ་འཛུགས་གནང་། གཡུ་ཐོག་སྙིང་ཐིག་བླ་སྒྲུབ་ཀྱི་ལས་རིམ་འདི་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་རེ་འདུན་ཞུས་དོན་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་སྨན་རྩིས་རིག་གནས་མཐོ་སློབ་ནས་གཙོ་འགན་བཞེས་ཐོག་གདན་ས་དབུས་ནས་མཐུན་འགྱུར་ཆ་ཚང་སྦྱར་བ་ལས་གོ་སྒྲིག་ཞུས་ཅིང་། ལས་རིམ་འདི་བཞིན་ཕྱི་ལོ་༢༠༢༢ ཟླ་༤…

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་དུ་རྟོགས་ཞིབ་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༢༢ ཟླ་༢ ཚེས་༢༡་་༢༢ ཉིན་གཉིས་རིང་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་དུ་རྟོགས་ཞིབ་ཆེད་བསྐྱོད་གནང་། ཚོགས་ཆུང་གི་ཚོགས་མིར་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་དང་ཚོགས་མི་སྨན་རམས་པ་བསྟན་འཛིན་བདེ་བྱེད་དཀར་ཚང་བཅས་གཉིས་ནས་ཐོག་མར་དེ་གའི་སྡེ་ཚན་འགའ་འཛིན་དང་རིག་སྡེ་འགན་འཛིན་བཅས་དབུ་བཞུགས་ཐོག་རྟོགས་ཞིབ་ལས་དོན་ཁག་ངོ་སྤྲོད་ཞུས། དེ་རྗེས་རིག་སྡེ་འགན་འཛིན་སྨན་དགེ་དབོན་པོ་རྡོ་རྗེ་དགྲ་འདུལ་ལགས་ནས་གསོ་རིག་སྡེ་ ཚན་གྱི་འདས་པའི་ལས་དོན་དང་ད་ཆ་འགྲོ་བཞིན་པའི་སློབ་དུས། མ་འོངས་ལས་འཆར་བཅས་འགྲེལ་བརྗོད་གནང་རྗེས་དེ་ གའི་སློབ་ཁང་གི་འཛིན་ཁང་དང་། དཔེ་མཛོད་ཁང་། བརྟག་དཔྱད་སྨན་ཁང་དང་ནད་གསོ་ཁང་། སྨན་སྦྱོར་ཁང་། དུས་འཁོར་སྨན་གྱི་སྐྱེ་ཚལ། ཉམས་ཞིབ་དང་ཕྱི་བཅོས་ཁང་བཅས་ནང་རྟོགས་ཞིབ་གནང་། རྟོགས་ཞིབ་སྟབས་བསྟུན་དེ་གའི་ སློབ་ཁང་དུ་གསོ་བ་རིག་པའི་འབུམ་རམས་པའི་སློབ་མ་རྣམས་ཐུགས་ཕྲད་དང་། དེ་གའི་སློབ་ཁང་གི་ཉེ་བའི་རིགས་བདག་འགན་འཁུར་སློབ་དཔོན་དབང་ཕྱུག་རྡོ་རྗེ་མཆོག་དང་མཇལ་ཕྲད་ཀྱིས་གསོ་བ་རིག་པའི་ལས་དོན་དང་མ་འོངས་ མཉམ་འབྲེལ་ལས་དོན་བྱེད་ཕྱོགས་ཐད་བཀའ་བསྡུར་ཞུས། རྟོགས་ཞིབ་ལས་དོན་ཀྱི་མཐའ་མར་དེ་གའི་སྨན་སློབ་རྣམས་ཐུགས་ཕྲད་ཀྱིས་སྨན་རམས་པ་བསྟན་འཛིན་བྱེད་ལགས་ནས་ལོ་མང་བརྟག་དཔྱད་སྨན་པའི་ཁྱད་ལས་ཀྱི་ཉམས་མྱོང་གསུང་བཤད་གནང་བ་དང་། ལྷན་ཚོགས་ཀྱི་ཚོགས་གཙོས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལས་དོན་ངོ་སྤྲོད་དང་གསོ་བ་རིག་པའི་མདུན་ལམ་མདུན་བསྐྱོད་ཐོག་ལམ་སྟོན་གནང་། ད་ལན་རྟོགས་ཞིབ་འདི་བཞིན་སྤྱི་བཏང་རྟོགས་ཞིབ་ཞིག་ཡིན་པས་དམིགས་བསལ་རྒྱབ་གཉེར་ཞུ་གནང་དགོས་པ་གང་ཡང་མེད་ཀྱང་། རྟོགས་ཞིབ་ཚོགས་ཆུང་གི་ལས་བསྡོམས་དང་མཉམ་སྦྱར་ཡིག་ཆ་ཁག་༼སྡེ་ཚན་གྱི་ངོ་སྤྲོད། སློབ་འཁྲིད་གཞུང་ཚད་དང་ཆ་བགོས་སློབ་ཚན། སློབ་ཐོན་སྨན་པ་དང་ད་ཡོད་སྨན་སློབ། སློབ་འཇུག་འཆར་གཞི་ཡིག་ཆ། དེ་གའི་སློབ་ཁང་ནས་གསོ་བ་རིག་པ་དང་འབྲེལ་རྒྱ་གར་དབུས་སའི་གཞུང་དང་འབྲེལ་བའི་ལས་དོན་བཅས།༽ བཅས་ལྷན་ཚོགས་ཚོགས་ཐེངས་རྗེས་མའི་ནང་གཟིགས་ཞིབ་གྲོས་བསྡུར་གྱིས་སྒྲིག་གསལ་རྟོགས་ཞིབ་ཀྱི་གྲུབ་ཐོན་ཟླ་གཅིག་ནང་ཚུད་དེ་གའི་སློབ་ཁང་དུ་འབུལ་རྒྱུ་ཡིན། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་དེ་བཞིན་ཕྱི་ལོ་༡༩༩༣ ལོར་དངོས་སུ་འགོ་འཛུགས་ ཀྱིས་ད་བར་སློབ་ཐེངས་༡༤ ནང་ཁྱོན་དཀའ་བཅུ་སྨན་པ་གྲངས་༥༢ སྨན་པ་རབ་འབྱམས་པ་གྲངས་༨ བཅས་སློར་མཐར་སོན་ཡོད། ད་ཆ་དཀའ་བཅུ་སྨན་སློབ་གྲངས་༧༦ དང་འབུམ་རམས་པ་སློབ་མ་གྲངས་༦ དགེ་ལས་བསྡོམས་གྲངས་༤༨ བཅས་ཡོད་པ་ཡིན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་དེ་གའི་སློབ་ཁང་གི་གསོ་རིག་ སྡེ་ཚན་དེ་བཞིན་ཕྱི་ལོ་༢༠༠༦ ལོར་བོད་ཀྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པའི་སློབ་གཉེར་ཁང་ཞིག་ཏུ་ངོས་ལེན་དེབ་སྐྱེལ་གནང་ཡོད་པ་བཅས་ངོ་སྤྲོད་སྙིང་བསྡུས་སུ།།

གསལ་བསྒྲགས། གཡུ་ཐོག་སྙིང་ཐིག་སྔོན་འགྲོ།

  ༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་གསོ་རིག་སྨན་པ་ཡོངས་ཀྱི་སྙན་ལམ་དུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསལ་བསྒྲགས་ཞུ་སྙིང་། གསོ་རིག་བསྟན་པ་སྤྱི་དང་བྱེ་བྲག་བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམས་ནས་ལག་ལེན་མྱོང་ཐོག་ཏུ་གསོ་རིག་རྒྱུད་ཀྱི་ཟབ་དོན་གཡུ་ཐོག་སྙིང་ ཐིག་གི་དབང་ལུང་ཁྲིད་གསུམ་དང་དེ་འབྲེལ་སྒྲུབ་པ་ཉམས་ལེན་གྱི་རྒྱུན་དག་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེར་དམིགས་ནས་བསྟན་པའི་བདག་པོ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་གྲུབ་པ་མཆོག་གི་ ཞབས་པད་དུ། རང་ཅག་དོན་གཉེར་ཅན་གྱི་གསོ་རིག་སྨན་པ་རྣམས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་དང་དམིགས་བཀར་བླ་སྒྲུབ་ཀྱི་ཉམས་ལེན་བསྙེན་མཚམས་དང་བཅས་པའི་གདམས་པ་ཟབ་མོ་བསྩལ་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབས་པར། རིན་པོ་ཆེ་མཆོག་ནས་གསོ་རིག་བསྟན་པ་དང་དེ་འཛིན་སྨན་པ་རྣམས་ལ་ཐུགས་བརྩེས་དགོངས་ནས་ཞལ་བཞེས་བཀའ་བཟང་ཕེབས་པ་ནི་གསོ་བ་རིག་པའི་བསྟན་པ་སྤྱི་དང་ལྷག་པར་གསོ་ རིག་རྒྱུད་པ་འཛིན་པ་རྣམས་ལ་སྐལ་བཟང་གྱི་དུས་ཚེས་ཞིག་ཡིན་པ་གོར་མ་ཆག མཁྱེན་ཆུབ་བཞིན་བོད་ཀྱི་གསོ་བ་རིག་པ་ནི་ཚན་རིག་ཙམ་མིན་པར་ཟབ་མོ་ནང་ཆོས་དང་འབྲེལ་ནས་ སྨན་རྣམས་སྔགས་དང་ཏིང་འཛིན་ཕྱག་རྒྱས་བྱིན་རླབས་པ་དང་སྨན་པ་རང་ཉིད་ཚེ་གཅིག་རིག་འཛིན་སྒྲུབ་པ་ལ་དབང་འབྱོར་བ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན་ཅིང་། ལྷག་པར་དེང་གི་གསོ་རིག་སྨན་པ་རྣམས་ལ་སྔོན་བྱོན་ མེས་པོ་རྣམས་ཀྱི་ཕྱག་རྒྱུན་དང་། དབང་ལུང་མན་ངག་དང་ཆོ་ག་ཕྱག་ལེན་ཆ་ཚང་ཚད་དང་ལྡན་པ་ཐོབ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་རྟེན་ད་ལན་ལྷན་ཚོགས་ནས་གཡུ་ཐོག་སྙིང་ཐིག་གྱི་ཉམས་ལེན་བསྙེན་མཚམས་ཀྱི་ལས་རིམ་འདི་གོ་སྒྲིག་ཞུས་ཡོད་ན་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཟབ་ཆོས་བླ་སྒྲུབ་ཉམས་ལེན་གནང་འདོད་ཡོད་པ་རྣམས་ནས་ཕྱི་ལོ་  ༢༠༢༢ ཟླ་ ༡ ཚེས་༣༠ འགྱངས་མེད་ལྷན་ཚོགས་སུ་མཚན་ཐོ་འབུལ་གནང་ཡོང་བའི་གསལ་བསྒྲགས་སུ།   བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་ ༨ ལྷག་དཀར་དགེ་བའི་ཉིན་ཕུལ། ཐུགས་སྣང་།:  ༡། བསྙེན་མཚམས་ཀྱི་དུས་ཚེས། ཕྱི་ལོ་ ༢༠༢༢ ཟླ་ ༤་ ༥་ ༦་ ༧ རབ་གནས་ཆུ་སྟག བོད་ཟླ་ ༢་ ༣་ ༤་…

གསོ་རིག་སྨན་སྦྱོར་ཁང་དུ་རྟོགས་ཞིབ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༢ ཉིན་ལྷན་ཚོགས་ནས་ཆེད་བསྐོས་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭར་རྟོགས་ཞིབ་ཆེད་བསྐྱོད་གནང་། ཚོགས་ཆུང་གི་ཚོགས་མིར་ལྷན་ཚོགས་ནས་སྨན་པ་ཐོགས་མེད་ལགས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཟུང་དྲུང་ལྷག་པ་སྒྲོལ་མ་ལགས། རྡ་ས་ས་གནས་འགོ་འཛིན་སྐུ་ཞབས་ཀུན་དགའ་ལགས་བཅས་ཚོགས་མི་གསུམ་གྱིས་དེ་གའི་སྨན་སྦྱོར་ཁང་གི་སྨན་རྒྱུ་དང་། མཛོད་ཁང་། སྨན་སྦྱོར་བཟོས་ཟིན་པ་རྣམས་ཉར་ཚགས་དང་ཚོང་འགྲེམས། ཉེ་འཁོར་ཁོར་ཡུག་དང་གཙང་སྦྲ། ལས་མི་རྣམས་གཟུགས་གཞི་བདེ་ཐང་ཡིན་མིན་སོགས་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་དགོངས་དོན་དགོས་ངེས་ཆ་རྐྱེན་རྣམས་ཚང་མིན་རྟོགས་ཞིབ་གནང་ཡོད། སྒྲིག་གསལ་ཚོགས་ཆུང་གི་ཚོགས་མི་རྣམས་ཟླ་བ་གཅིག་ནང་ཚུད་རྟོགས་ཞིབ་སྙན་ཐོ་དང་མཉམ་སྦྱར་ཡིག་ཆ་ཁག་བཅས་ལྷན་ཚོགས་སུ་འབུལ་དགོས་པ་བཅས།།

ལྷན་ཚོགས་ཀྱི་ཟླ་རེའི་ཚོགས་འདུ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་དགོངས་དོན་ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༨ ཉིན་རྒྱབ་ལྷན་ཚོགས་ཀྱི་ཡིག་ཚང་དུ་འཛིན་སྐྱོང་ཚོགས་མི་རྣམས་ཟླ་རེའི་ཚོགས་འདུ་བསྐོང་ཚོགས་ཞུས་པའི་ཚོགས་འདུའི་གྲོས་གཞི་གཙོ་བོ་ཕྱི་ལོ་༢༠༢༢་་༢༣ ལོའི་ལས་འཆར་དང་སྔོན་རྩིས། ལྷན་ཚོགས་དབུ་བརྙེས་ནས་ལོ་༡༨ འཁོར་བའི་དུས་ཚིགས་སྲུང་བརྩི། གསོ་རིག་སློབ་གཉེར་ཁང་དང་སྨན་སྦྱོར་ཁང་དུ་རྟོགས་ཞིབ། རྒྱ་གར་དབུས་སའི་གཞུང་དང་འབྲེལ་བའི་ལས་དོན། རྩིས་ཞིབ་སྙན་ཐོར་ལན་འདེབས། སྨན་པ་དང་སྨན་རྫུས་བཀག་སྡོམ་དང་འབྲེལ་བའི་གྲོས་གཞིའི་ཐོག་གྲོས་བསྡུར་ཐག་གཅོད་བྱུང་ཡོད། ལྷན་ཚོགས་ཀྱི་ཚོགས་མི་ས་གནས་སུ་ཡོད་པ་རྣམས་ངོ་ཐོག་ཚོགས་བཅར་དང་གཞན་རྣམས་དྲ་ཐོག་ནས་ཚོགས་བཅར་མཉམ་ཞུགས་གནང་ཡོད་པ་བཅས།།  

གསོ་རིག་སྨན་སྦྱོར་དང་འབྲེལ་དམིགས་བསལ་ཚོགས་འདུ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༣༥ པའི་གྲོས་ཆོད་དགོངས་དོན་ཕྱི་ལོ་༢༠༢༡ ཟླ་༡༠ ཚེས་༥ ཉིན་ལྷན་ཚོགས་ནས་དེབ་སྐྱེལ་ཡོད་པའི་གསོ་རིག་སྨན་སྦྱོར་ཁང་དང་། དེ་བཞིན་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་གི་སྨན་སྦྱོར་སྡེ་ཚན་འགན་འཛིན་ལྷན་དུ་ཚོགས་འདུ་བསྐོང་ཚོགས་ཞུས་ཡོད། ཚོགས་འདུའི་གྲོས་གཞི་གཙོ་བོ་དེ་བོད་ཀྱི་གསོ་བ་རིག་པའི་མཚན་གནད་སྲུང་སྐྱོབ་ཆེད་སྨན་པ་དང་སྨན་རྫུས་བཀག་སྡོམ་ཐོག་གྲོས་བསྡུར་ཞུས། ཚོགས་འདུའི་ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཙོས་དམིགས་བསལ་ཚོགས་འདུ་འདིའི་ངོ་སྤྲོད་ཞུས་པའི་ནང་དོན་གཙོ་བོ་ནི་དེང་རྒྱ་གར་གཙོས་ཨེ་ཤ་ཡ་དང་ཕྱིའི་རྒྱལ་ཁབ་མང་པོའི་ནང་བོད་ཀྱི་སྲོལ་རྒྱུན་སྨན་ལུགས་གསོ་བ་རིག་པར་དགའ་མོས་དང་ནད་པ་མང་པོར་དངོས་སུ་ཕན་བསྐྱེད་ཆེན་པོ་བྱུང་བཞིན་པའི་དུས་འདིར་ཚོང་ཁེ་རང་ལ་དམིགས་ནས་སྨན་པ་དང་སྨན་སྦྱོར་ཚད་ལྡན་མིན་པ་སྤྱི་ཚོགས་ནང་ཐོན་བཞིན་བོད་སྨན་ལ་མཚན་ཤད་འགྲོ་ཉེན་དང་ལྷག་པར་སྨན་རྫས་རིགས་ཉམས་ཐག་ནད་པ་རྣམས་ཀྱིས་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་པས་སྨན་སྦྱོར་ཚད་ལྡན་མེད་པ་དང་སྨན་པ་ཚད་ལྡན་མ་ཡིན་པས་ནད་པར་སྨན་ལོག་ཐེབས་ཅིང་མིའི་ཚེ་སྲོག་ལའང་གནོད་ཚབས་ཆེན་པོ་ཡོང་མི་སྲིད་པ་མེད་ན། ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ད་ལན་དེབ་སྐྱེལ་ཡོད་པའི་གསོ་རིག་སྨན་སྦྱོར་ཁང་གི་འབྲེལ་ཡོད་འགན་འཛིན་རྣམས་བསྐོང་ཚོགས་ཀྱིས་སྨན་པ་དང་སྨན་རྫུས་བཀག་སྡོམ་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པའི་ངོ་སྤྲོད་ཞུས། དེ་རྗེས་ལྷན་ཚོགས་ཀྱི་ཚོགས་མི་༸རྒྱལ་བའི་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ནས་ལམ་སྟོན་གསུང་བཤད་གནང་བའི་ནང་སྙིང་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་བསྟན་པའི་སྨན་རྫས་དང་སྦྱོར་བསྡེབས་རྣམས་གོད་ཆག་ཏུ་མ་འགྲོ་བར་གཞུང་ལུགས་དང་མཐུན་པ་སྦྱོར་བཟོ་གནང་དགོས་པ། རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་གང་ཐུབ་ཀྱིས་སྨན་རྒྱུའི་སྤུས་ཚད་དང་སྦྱོར་ཚད་ལག་ལེན་ཚད་ལྡན་(GMP)ཡོང་རྒྱུ་ཤིན་ཏུ་གལ་ཆེ་བའི་ལམ་སྟོན་བཀའ་སློབ་གནང་བ་དང་། དེ་རྗེས་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་སྦྱོར་ཁང་རྣམས་ལས་དེ་གའི་སྨན་སྦྱོར་བཟོ་དང་། ཚོང་འགྲེམས་བྱེད་ཕྱོགས། སྨན་དང་སྨན་སྦྱོར་གྱི་སྐབས་དཀའ་ངལ་དང་གདོང་ལེན། དངུལ་ཆུ་བཙོ་ཐལ་ལག་ལེན་གནང་ཕྱོགས། སྨན་ཚབ་གཏོང་ཕྱོགས་དང་། སྨན་རྒྱུའི་སྤུས་ཚད་བཏང་འཛིན་ཐོག་ཡར་རྒྱས་དགོས་པ་ སོགས་གནད་དོན་ཐོག་གྲོས་བསྡུར་གནང་། སྨན་རྫུས་བཀག་སྡོམ་དང་འབྲེལ་གསོ་རིག་སྨན་སྦྱོར་ཁང་ནས་སྨན་སུ་ལ་ཚོང་འགྲེམས་བྱེད་བཞིན་ཡོད་པའི་ཚོགས་སྒེར་དེའི་འགན་འཁུར་སྨན་པ་སུ་ཡིན་དང་། སྨན་པ་དེ་ཚད་ལྡན་ཡིན་མིན་དང་གསོ་རིག་ལྷན་ཚོགས་འོག་དེབ་སྐྱེལ་ ཡོད་མེད་ཞིབ་རྩད་ཀྱིས་ཚད་ལྡན་དེབ་སྐྱེལ་མེད་པའི་སྨན་པར་སྨན་ཚོང་འགྲེམས་བྱེད་མི་ཆོག་པ། དེ་བཞིན་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡོད་པས་སྐུ་ཚབ་དོན་གཅོད་ཁང་ནས་ཁྱབ་ཁོངས་ས་གནས་སུ་ཡུལ་ཁྲིམས་དང་མི་མཐུན་པ་དང་། ཚད་ལྡན་མིན་པའི་སྨན་པ་དང་སྨན་སྦྱོར་རིགས་གང་ཡང་ཚོང་འགྲེམས་བྱེད་མཁན་ཡོད་ཚེ་ལྷན་ཚོགས་སུ་གནས་ཚུལ་འབུལ་གནང་དགོས་པ་དང་། དེ་རིགས་གཉེར་མཁན་རྣམས་ལ་སྨན་པ་དང་སྨན་སྦྱོར་ཐོག་རྒྱབ་གཉེར་མ་གནང་བའི་རེ་སྐུལ་ཞུ་གལ་ཆེ་བ། སྨན་རྒྱུའི་སྤུས་ཚད་བཏང་འཛིན་དང་འབྲེལ་བོད་ཀྱི་སྨན་རྩིས་ཁང་ཕུད་གཞན་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་དུ་སྨན་རྒྱུའི་སྤུས་ཚད་བཏང་འཛིན་ (Quality Control) ཐོག་དེང་དུས་ཚན་རིག་དང་མཐུན་པ་སྨན་རྒྱུ་རུལ་ཧམ་ཐེབས་ཡོད་མེད། འབུ་སྲིན་ཡོད་མེད་སོགས་བརྟག་ཞིབ། གཞན་ཡང་སྨན་སྦྱོར་ཟིན་པའི་རིལ་བུ་རྣམས་ཉར་ཚགས། སྦྱོར་སྡེབ་སོ་སོར་ལོ་དུས་བཀོད་དགོས་པ། ལྷག་པར་སྨན་སྦྱོར་བཟོ་ཟིན་པའི་རིལ་བུ་རྣམས་དེང་དུས་ཚན་རིག་གི་བརྟག་དཔྱད་ཁང་ནས་བརྟག་དཔྱད་ཀྱིས་དེའི་ནང་དངུལ་ཆུ་དང་ལྕགས་རིགས་སོགས་མེད་པ་དང་། སྨན་ནུས་ཚད་དང་ལྡན་པ་ཡོད་པའི་ཁུངས་སྐྱེལ་བརྟག་དཔྱད་ཡིག་ཆ་ཡོད་ཚེ་འབྱུང་འགྱུར་སྨན་སྦྱོར་ཐོག་དཀའ་ངལ་མ་ཕྲད་པར་ཕན་ཐོགས་ཡོང་རྒྱུར་སོང་ལྷན་ཚོགས་ནས་འབྱུང་འགྱུར་སྨན་སྦྱོར་ཚད་ལྡན་དང་། སྨན་རྒྱུའི་སྤུས་ཚད་ཐོག་ཟབ་སྦྱོང་། གསོ་རིག་སྨན་སྦྱོར་ནང་བཟོས་བསྐྲུན་ཞུས་པའི་སྨན་རྣམས་དེང་དུས་ཚན་རིག་དང་མཐུན་པའི་བརྟག་དཔྱད་ཁང་ནང་བརྟག་དཔྱད་བྱ་རྒྱུའི་མཐུན་འགྱུར་ལམ་སྟོན་ཞུ་རྒྱུའི་ཐག་གཅོད་བྱུང་ཡོད། ད་ལན་ཚོགས་འདུ་འདིའི་ཐོག་གཡུ་ཐོག་སྙིང་ཐིག་གསོ་རིག་སྨན་སྦྱོར་ཁང་གི་སྨན་སྦྱོར་སྨན་པ། བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང་གི་འབྲེལ་ལས། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྨན་དགེ་གཉིས། དྲ་ཐོག་ནས་ལྕགས་པོ་རི་བོད་སྨན་སློབ་གཉེར་ཁང་གི་སྨན་སྦྱོར་འགན་འཛིན། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་སྦྱོར་སྡེ་ཚན་འགན་འཛིན།…

གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་ཐེངས་གསུམ་པ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ཕྱི་ལོ་༢༠༢༡ ཟླ་༩ ཚེས་༡༡ ཉིན་ལྷན་ཚོགས་ནས་ གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་ཐེངས་གསུམ་པ་དྲ་ཐོག་ནས་གོ་སྒྲིག་ཞུས། ལས་རིམ་གྱི་ཐོག་མར་༸རྒྱལ་བའི་སྐུ་ པར་མཐོང་གྲོལ་རིན་པོ་ཆེར་གུས་ཕྱག་དང་བཅས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་། ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་ པ་ཚེ་རིང་མཚམས་གཅོད་ཀྱིས་ཚོགས་བཅར་བ་རྣམས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས་ཉིན་མོ་སྲུང་བརྩིའི་ངོ་སྤྲོད་ཞུས་པ་དང་། ༼ངོ་སྤྲོད་གཏམ་བཤད་ཆ་ཚང་འདིར་བསྣུན་ན་གཟིགས་ཀློག་ཐུབ།༽ དེ་རྗེས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཉིན་མོ་སྲུང་བརྩིའི་འཚམས་འཕྲིན་གནང་བར་འཚམས་འཕྲིན་སྒྲོག་སྦྱང་ཞུས་ཤིང་དྲ་ཐོག་ཚོགས་བཅར་མཉམ་བཞུགས་གནང་མཁན་དང་ས་གནས་སུ་ཉིན་མོ་སྲུང་བརྩིའི་གོ་སྒྲིག་གནང་མཁན་ཚང་མར་ལྷན་ཚོགས་ནས་ཐུགས་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་དང་སྦྲགས་མཛད་སྒོ་གྲོལ། མཛད་རིམ་ཆ་ཚང་འདིར་བསྣུན་ན་གཟིགས་ཐུབ། ཉིན་མོ་སྲུང་བརྩིའི་དུས་ཚིགས་བསྟུན་ལྷན་ཚོགས་ནས་དྲ་ཐོག་གཏམ་བཤད་ལས་རིམ་གོ་སྒྲིག་ཞུས་པའི་གཏམ་བཤད་ཀྱི་གླེང་གཞི་གཙོ་བོ་གཉན་རིམས་ཀོ་ཝིཌ་༡༩ དང་སྲོལ་རྒྱུན་སྨན་ལུགས་ཅེས་རྒྱ་གར་གྱི་སྲོལ་རྒྱུན་སྨན་ལུགས་ཚེ་ཡི་རིག་བྱེད་དང་སི་དྷའི་སྨན་ལུགས། རྒྱ་ནག་གི་སྲོལ་རྒྱུན་སྨན་ལུགས། གཱི་རིག་སྲོལ་རྒྱུན་སྨན་ལུགས་དང་། བོད་ཀྱི་གསོ་བ་རིག་པའི་སྨན་ལུགས་བཅས་སྨན་ལུགས་དེ་དག་གིས་གཉན་རིམས་ཀོ་ཝིཌ་༡༩ སྔོན་འགོག་དང་གསོ་བཅོས་བྱེད་ཚུལ་སྐོར་གསུང་བཤད་དང་བགྲོ་གླེང་གནང་ཡོད། གསུང་བཤད་དང་དཔྱད་རྩོམ་ཡིག་ཆ་ཁག་ལྷན་ཚོགས་ཀྱི་དྲ་རྒྱའི་ཁ་བྱང་འདིའི་ཐོག་གཟིགས་ཐུབ།    ལྷན་ཚོགས་ནས་གསོ་བ་རིག་པའི་སློབ་གཉེར་ཁང་སོ་སོར་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་གོ་སྒྲིག་ཞུ་དགོས་ཡིག་འབྲེལ་ཞུས་པ་བཞིན་ལྕགས་པོ་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དུ་མ་སྒྲིག་ལྷུན་འགྲུབ་ཀྱི་རྟེན་འབྲེལ་ལས་དེ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སློབ་ཁང་དུ་ཞབས་སོར་བཀའ་དྲིན་བསྐྱངས་ ཤིང་དེ་ཉིན་མཛད་སྒོ་སྲུང་བརྩི་ཟབ་རྒྱས་གོ་སྒྲིག་ཞུས་འདུག་པ་དང་། ཝཱ་ཎ་བོད་ཀྱི་ཆེས་མཐོའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་ནས་དེ་ཉིན་སྔ་དྲོ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་གསོལ་འདེབས་དང་སྨོན་ལམ་གསུང་འདོན། སྡེ་ཚན་གྱི་དགེ་སློབ་ནས་དུས་འཁོར་སྨན་གྱི་ སྐྱེད་ཚལ་ནང་སྨན་རྩ་འདེབས་འཛུགས། སྨན་སློབ་རྣམས་ངག་རྩད་དྲི་ཞིབ་འགྲན་བསྡུར། རྩ་བ་སྐྱོར་འདོན་འགྲན་བསྡུར། ངག་རྩལ་འགྲན་བསྡུར་བཅས་སྔ་དྲོ་ཆུ་ཚོད་༩ ནས་དགོང་མོ་ཆུ་ཚོད་༩ བར་ལས་རིམ་གོ་སྒྲིག་ཞུས་ནས་གསོ་བ་རིག་ པའི་ཉིན་མོ་སྲུང་བརྩི་ཐེངས་གསུམ་པ་ཟབ་རྒྱས་ངང་གོ་སྒྲིག་ཞུས། དེ་ཉིན་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ནས་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་དང་བསྟུན་གསོ་རིག་ སྔོན་བྱོན་མཁས་དབང་དང་ཡང་སྒོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་གསོ་རྩིས་བསྟན་པའི་མེ་རོ་རྨང་ནས་གསོ་གནང་མཛད་པའི་བཀའ་དྲིན་དྲན་པའི་སྒོ་ནས་དེ་ཉིན་སྔ་དྲོའི་རིང་གསོ་རིག་ལྷན་ཚོགས་ཀྱི་དྲ་ཐོག་མཛད་སྒོ་དང་གཏམ་བཤད་ལ་དགེ་སློབ་རྣམས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་རྒྱབ་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་ཏོག་དབྱིབས་གཉན་རིམས་༡༩ གོ་རྟོགས་དང་སྔོན་འགོག་ཆེད་ཁ་རས་བགོས་འགྲེམས་དང་། ཏོག་དབྱིབས་ནད་ཡམས་ཀྱི་རླབས་གསུམ་པ་དེ་ཕྲུ་གུར་ཉེན་ཚབས་ཆེ་བ་ཡོད་པའི་ཚོད་དཔག་བྱེད་བཞིན་པར་ཕྲུག་གུའི་ སྡོད་གནས་ཁག་ལ་དུག་སེལ་གནང་བ། གཞན་ཡང་གདན་ས་སྨན་རིའི་གླིང་གི་ཉེ་འཁོར་དུ་སྨན་སྡོང་དང་ཤིང་སྣ་ འདེབས་འཛུགས་ཀྱིས་སྤྱི་ཚོགས་ལ་སྨན་པའི་ལས་རིམ་བྱེད་སྒོ་སྟབས་བདེ་གོ་སྒྲིག་ཞུས་པ་དང་། ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རིན་ཆེན་བསྟན་འཛིན་ལགས་ནས་ཨུ་རུ་སུ་ཁུལ་དུ་གསོ་བ་རིག་པའི་ཉིན་མོ་ངོ་སྤྲོད་དང་…

ལྷན་ཚོགས་ཚོགས་ཐེངས་༣༥ པ་བསྐོང་ཚོགས་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་ཚོགས་ཐེངས་༣༥ པ་དེ་བཞིན་ཕྱི་ལོ་༢༠༢༡ ཟླ་༨ ཚེས་༢༦ ནས་ཚེས་༢༨ བར་ལྷན་ཚོགས་ཡིག་ཚང་དུ་བསྐོང་ཚོགས་གནང་ཡོད། ཚོགས་ཐེངས་༣༥ པའི་ཐོག་གྲོས་གཞི་དོན་ཚན་བཅུའི་ཐོག་གྲོས་བསྡུར་བྱུང་ཡོད། ཚོགས་འདུའི་ཐོག་བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང་དང་གཡུ་ཐོག་སྙིང་ཐིག་གསོ་རིག་སྨན་སྦྱོར་ཁང་གཉིས་ལ་དེ་སྔ་གཏན་འཇགས་དེབ་སྐྱེལ་གནང་ཡོད་ཅིང་། སྒྲིག་དོན་ལོ་གསུམ་རེའི་མཚམས་རྟོགས་ཞིབ་གནང་བ་བརྒྱུད་གོང་གསལ་སྨན་སྦྱོར་སྡེ་ཚན་ཁག་གཉིས་ལ་ལོ་གསུམ་གྱི་ཆོག་མཆན་དུས་ཡུན་འཕར་འགྱངས་ཀྱི་ལག་འཁྱེར་བསྩལ་ཡོད། ལྷན་ཚོགས་ཚོགས་ཐེངས་༣༥ པའི་ཐོག་ས་གནས་སུ་ཡོད་པའི་ཚོགས་མི་རྣམས་ངོ་བཅར་ཞུས་ཡོད་པ་དང་། གཉན་རིམས་ཀོ་ཝིཌ་༡༩ ནད་ཡམས་རྐྱེན་ཕྱོགས་མཐར་ཡོད་པའི་ཚོགས་མི་རྣམས་དྲ་ཐོག་ནས་མཉམ་བཞུགས་གནང་ཡོད།