Central Council of Tibetan Medicine

གཡུ་ཐོག་སྙིང་ཐིག་བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་དབང་ལུང་ཁྲིད་དང་། དངོས་གཞི་སྒྲུབ་པའི་བསྙེན་མཚམས་ཞག་བརྒྱ་དངོས་སུ་དབུ་འཛུགས་པ།

ཇི་ལྟར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་སྔ་རྗེས་ལན་གྲངས་དུ་མ་གསོལ་འདེབས་ཞུས་པ་ལས། ཁྱབ་བདག་འཁོར་ལོའི་མགོན་པོ་ ༸ བྱམས་མགོན་རྡོ་རྗེ་འཆང་མཆོག་གི་ཞལ་སྔ་ནས་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་གླིང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དབུ་ལས་སྨན་པ་རྣམས་དང་། གདན་སའི་རིག་གནས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་ལ་བདེ་གཤེགས་སྨན་བླ་མི་གཟུགས་སུ་བྱོན་པ་འཚོ་མཛད་གྲུབ་པའི་དབང་ཕྱུག་གཡུ་ཐོག་ཡོན་ཏན་མགོན་པོའི་དགོངས་པའི་ཀློང་ནས་རང་བྱུང་དུ་བརྡོལ་ཅིང་བརྒྱུད་འཛིན་གཙོ་བོ་སུམ་སྟོན་ཡེ་ཤེས་གཟུངས་ལ་ཆིག་བརྒྱུད་དུ་བསྩལ་པའི་བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་གྱིས་སྐུ་དྲིན་སྩལ་གནང་མཛད་པ་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༨ དང་ ༩ ཉིན་གཉིས་རིང་གདམས་ཟབ་བཀའ་ཡི་གཉེར་གཏད་དང་བཅས་རྩ་བའི་དབང་བསྐུར་རྒྱས་པ་དང་། དོན་དབང་མདོར་བསྡུས། བཀྲ་ཤིས་ཚེ་དབང་། ཕུར་པའི་གཏོར་དབང་། སྨན་བླའི་དབང་ཆོག་སོགས་རིག་གཏད་དང་རྗེས་གནང་ཆ་ལག་དང་བཅས་པ་བསྩལ་གནང་མཛད་པ་དང་།

ཕྱི་ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་ཕྱི་ནང་གསང་བའི་སྒྲུབ་ཐབས་སོ་སོའི་སྔོན་འགྲོ་གསག་སྦྱོང་གི་རིམ་པ། དངོས་གཞི་སྒོམ་བཟླས་ཀྱི་ཡན་ལག རྗེས་འཕྲིན་ལས་ཀྱི་སྦྱོར་བ་སོགས་བསྐྱེད་རྫོགས་ལམ་གྱི་རིམ་པ་དག་ལ་ཇི་ལྟར་སློབ་ཚུལ་གྱི་ལག་ལེན་དམར་ཁྲིད་མཛད་པའི་ཁར་བླ་སྒྲུབ་ཀྱི་སྒྲུབ་ཁོག་དང་འདོན་ཆ་ཡོངས་རྫོགས་ཀྱི་ལྗགས་ལུང་བསྩལ་གནང་མཛད་ཅིང་རྗེ་བླ་མ་མཆོག་ནས་བོད་ཀྱི་སྐད་ཡིག་གཙོས་པའི་བཅུ་ཕྲག་རིག་གནས་སྤྱི་དང་། ལྷག་ཏུ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རྒྱུན་འཛིན་དར་སྤེལ་ཆེད་སྒོ་ཀུན་ནས་འབད་འབུངས་དགོས་ཤིང་། དེ་ཡང་སློབ་བཤད་དང་སྨན་དཔྱད་ལག་ལེན་ཙམ་གྱིས་མི་ཆོག་པར་གསོ་རིག་ཆོས་སྐོར་གྱི་དབང་ལུང་མན་ངག་དང་སྒོམ་སྒྲུབ་ཉམས་ལེན་གྱི་རྒྱབ་རྟེན་ཤིན་ཏུ་གལ་ཆེ་ཚུལ་སོགས་གནད་ལ་སྨིན་པའི་ལམ་སྟོན་བཀའ་སློབ་རྒྱ་ཆེར་སྐུ་དྲིན་བསྩལ་གནང་མཛད།

དེ་ལྟར་གཡུ་ཐོག་སྙིང་ཐིག་བླ་སྒྲུབ་ཀྱི་དབང་ལུང་ཁྲིད་རྒྱུན་ཐོབ་རྗེས་ཉིན་གཉིས་ཀྱི་རིང་གེགས་སེལ་རིམ་གྲོ་གནད་སྨིན་ཟབ་སྒྲུབ་ཞུས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༥ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་འདུན་པ་ཅན་ངོ་གྲངས་༡༡ དང་དེ་བཞིན་བསྒྲུབ་དཔོན་དང་དབུ་མཛད། མཆོད་དཔོན་དང་མཆོད་གཡོག་བཅས་གདན་ས་དཔལ་སྤུངས་ཤངས་པ་སྒྲུབ་ཁང་དུ་སྨན་རྒྱལ་རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་སྙིང་ཐིག་ཕྱི་ནང་གསང་གསུམ་ཀྱི་བླ་སྒྲུབ་ཞག་བརྒྱའི་བསྙེན་མཚམས་བཅད་རྒྱ་ཡོངས་སུ་བསྡམས་ནས་ཉམས་ལེན་དངོས་གཞི་སྒོ་འཛུགས་གནང་།

གཡུ་ཐོག་སྙིང་ཐིག་བླ་སྒྲུབ་ཀྱི་ལས་རིམ་འདི་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་རེ་འདུན་ཞུས་དོན་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་སྨན་རྩིས་རིག་གནས་མཐོ་སློབ་ནས་གཙོ་འགན་བཞེས་ཐོག་གདན་ས་དབུས་ནས་མཐུན་འགྱུར་ཆ་ཚང་སྦྱར་བ་ལས་གོ་སྒྲིག་ཞུས་ཅིང་། ལས་རིམ་འདི་བཞིན་ཕྱི་ལོ་༢༠༢༢ ཟླ་༤ ཚེས་༦ ནས་དངོས་སུ་དབུ་འཛུགས་ནས་ཕྱི་ལོ་༢༠༢༢ ཟླ་༨ ཚེས་༦ ཙམ་བར་གྲུབ་པ་ཉམས་ལེན་ཆ་ཚང་བསྒྲུབ་རྗེས་མཇུག་གི་སྒྲུབ་མཆོད་སྦྲིན་བསྲེག་སྒར་གསང་བཅས་ཡོངས་སུ་བསྒྲུབ་ནས་སྐབས་དང་པོའི་གཡུ་ཐོག་སྙིང་ཐིག་བླ་སྒྲུབ་གི་ལས་རིམ་མཇུག་སྒྲིལ་རྒྱུ་བཅས།།