Central Council of Tibetan Medicine

གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཞུས་པ།

ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཐེངས་དང་པོ་གོ་སྒྲིག་གནང་ཡོད། ཉིན་མོ་སྲུང་རྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་ཨཱ་ཡུ་ཤའི་དྲུང་ ཆེ་ལས་འཕར་སྐུ་ཞབས་ Pramod Kumar Pathak མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ ཚོགས་གཙོ་སྐུ་ཞབས་པདྨ་འབྱུང་གནས་མཆོག དམིགས་བསལ་སྐུ་མགྲོན་གཞན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་སྐུ་ཞབས་ཆོས་སྐྱོང་དབང་ཕྱུག་མཆོག་ཆེད་ཕེབས་གནང་ཡོད།

ད་ལན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཞུ་དགོས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་གྱུར་བྱུང་རྗེས་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་སྟོན་འཁོར་འགའ་ཞིག་རྒྱ་གར་དུ་བཙན་བྱོལ་དུ་ འབྱོར་ཞིང་བཙན་བྱོལ་དུ་བོད་མིའི་གཞིས་སྒར་དང་སློབ་གྲྭ གདན་ས་དང་བཤད་གྲ་དུ་མ་གསར་འཛུགས་བཀའ་དྲིན་བསྐྱངས་པ་ སོགས་རླབས་ཆེན་གྱི་མཛད་པ་དེ་དག་གི་ཡ་གྱལ་རིས་མེད་སྐྱེ་དགུའི་ཕན་བདེའི་རྩ་ལག་བོད་ཀྱི་ཐུན་མོང་མིན་པའི་སྨན་རྩིས་ཀྱི་རིག་པ་འདི་ཉིད་སྐྱར་གསོའི་སླད་སྐྱབས་བཅོལ་དུ་ཞབས་ཕྱིར་འབྲངས་པའི་སྨན་རྩིས་མཁས་པ་རྣམས་རྡ་རམ་སཱ་ལཱར་བསྡུས་བསྐོང་མཛད་དེ་༡༩༦༡ ཟླ་༩ ཚེས་༡༡ ཉིན་འཕགས་ཡུལ་དུ་བོད་ཀྱི་སྨན་རྩིས་བསྟན་པ་སླར་གསོའི་མཛད་འཆར་བཀའ་དྲིན་བསྐྱངས་པས་རྒྱལ་བའི་སྐུ་དྲིན་རྗེས་དྲན་གཙོས་གསོ་བ་རིག་པ་འདི་ཉིད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་པ་དང་བོད་གངས་ཅན་ལྗོངས་བརྒྱུད་ནས་རྒྱལ་བལ་འབྲུག་གཙོས་རུ་སོག་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་དར་འཕེལ་བྱུང་བ་ཁྱབ་བསྒྲགས་སྤེལ་ཆེད་ཡིན། ཉིན་མོ་སྲུང་རྩི་ཐེངས་དང་པོའི་ལས་རིམ་ཐོག་གསོ་བ་རིག་པ་མི་ཉམས་དར་སྤེལ་བྱེད་ཕྱོགས་དང། དེ་བཞིན་གསོ་བ་རིག་པའི་སྨན་བཅོས་ཕན་བསྐྱེད་དང་ཉེན་སྲུང་། གཞན་ཡང་ཉེ་བའི་ཆར་ཡུ་རོབ་རྒྱལ་ཁབ་སུད་སི་ནང་ཨེ་ཤ་ཡའི་སྔོ་སྨན་གྱི་སྦྱོར་བ་ཁྲིམས་མཐུན་ངོས་ལེན་གནང་བའི་ཁོངས་བོད་ཀྱི་གསོ་བ་རིག་པའི་སྔོ་སྨན་སྦྱོར་བ་ཁྲིམས་མཐུན་ངོས་ལེན་བྱུང་སྐོར་དང་། དེ་བཞིན་གསོ་རིག་སྨན་པ་བགྲེས་གཞོན་དབར་ནད་བཅོས་ལག་ལེན་ཐོག་དངོས་ཐོག་དཀའ་ངལ་ཐོག་སྤྱི་སྨན་དྲི་བ་བགྲོ་གླེང་གནང་ཡོད། ལས་རིམ་འདི་དང་འབྲེལ་གསོ་བ་རིག་པའི་ལྷན་ཚོགས་ནས་མདོ་ལུགས་ལྟར་སངས་རྒྱས་སྨན་བླའི་དཀྱིལ་འཁོར་བཞེངས་སྒྲུབ། གསོ་རིག་འགྲེམས་སྟོན། རིན་མེད་ནད་པ་བརྟག་དཔྱད་དང་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་དེབ་དབུ་འབྱེད། དེ་བཞིན་༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ལ་བོད་ཀྱིི་གསོ་བ་རིག་པའི་ལྷན་ཚོགས་ནས་གཡུ་ཐོག་གཟེངས་རྟགས་ཕུལ་བཞེས་ཡང་གནང་ཡོད། ལྷག་པར་འདི་ལོ་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ཀེག་དངོས་གཞིའི་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་༸སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་སླད་འདི་ལོ་༢༠༡༩ ཟླ་༩ ཚེས་༡༦སྔ་དྲོ་༸སྐྱབས་མགོན་རྒྱལ་བའི་ཕོ་བྲང་དུ་ཟུར་མཇལ་ཞུས་ཅིང་ཁྱབ་ཁོངས་སྨན་པ་རྣམས་ཀྱི་ཚབ་ཞུས་ཏེ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སངས་རྒྱས་སྨན་བླའི་སྐུ་བརྙན་མཚན་དཔེ་འབར་བ་ཞིག་དང་བརྟན་བཞུགས་བསྟར་འབུལ་ཚུལ་མཎ་ཌལ་རྟེན་དོད་ཧིན་སྒོར་༡༥༥༥༥༥།༠༠ ༼ཆིག་འབུམ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ལྔ་བཅུ་ང་ལྔ་༽ཐམ་པ་དང་། སངས་རྒྱས་སྨན་བླའི་མཚན་སྔགས་གྲངས་༦༢༡༧༤༣ ༼དྲུག་འབུམ་ཉི་ཁྲི་ཆིག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་གསུམ་༽གསོག་སྒྲུབ་ཞུས་པ་བཅས་སྙན་གསེང་ཞུ་ཡིག་ཕུལ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བོད་ཀྱི་གསོ་བ་རིག་པ་འདི་ བོད་ཀྱི་རིག་གནས་ཆེ་བ་ལྔའི་གྲས་ཤིག་ཡིན་པ་དང་དོན་དངོས་བོད་སྨན་འདིས་ནད་རིགས་འགའ་ཞིག་ལ་འཕྲོད་ཆེ་བ་ཡོད་པས་མི་མང་པོར་ཞབས་འདེགས་སྒྲུབ་པ་དང་ནད་པ་ལ་ཡང་ཁ་ཐུག་ཕན་ཐོགས་ཡོད་པ་གསུངས། གཞན་ཡང་བོད་སྨན་དང་བོད་ཀྱི་གསོ་བ་རིག་པ་ཟེར་དུས་བོད་ཀྱི་མཚན་མཐོང་ལ་ཡང་ཕན་གྱི་ཡོད་པ་དང། བོད་ཀྱི་གསོ་བ་རིག་པ་འདི་དེང་དུས་བརྟག་དཔྱད་སྨན་བཅོས་དང་མཐུན་པའི་ཉམས་ཞིབ་བྱེད་ཡས་དང་རྒྱ་གར་ནང་ཨཱ་ཡུ་ཝེ་དའི་མཁས་པ་མཉམ་དུ་གོ་བསྡུར་མང་ཙམ་དང་ཕན་ཚུན་ལེགས་བཤད་སློབ་རེས་བྱེད་ན་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པས་ཚང་མས་ཧུར་ཐག་དང་གཟབ་གཟབ་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད།

གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཐེངས་དང་པོའི་ཐོག་རྒྱ་གར་དང་ཨ་རི། ཨུ་རུ་སུ་དང་ཡུ་རོབ་རྒྱལ་ས་སུད་སི་བཅས་ནས་ཁྱོན་གསོ་རིག་སྨན་པ་དང་བོད་སྨན་མཐུན་གྲོགས་ཚོགས་མི་བཅས་མི་གྲངས་བརྒྱད་བཅུ་ཙམ་མཉམ་འཛོམས་དུས་སྟོན་སྲུང་རྩི་ཞུས་ཡོད། འདི་ལོ་ནས་བཟུང་ལོ་ལྟར་ཟླ་༩ ཚེས་༡༡ཉིན་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་གོ་སྒྲིག་ཞུ་རྒྱུ་དང་ཉིན་མོ་སྲུང་རྩི་དང་འབྲེལ་ནས་ལོ་ལྟར་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་དེབ་རེ་དཔར་བསྐྲུན་འགྲེམས་ཞུ་རྒྱུ་ཡིན་པ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༦ ལ།།

ལྷན་ཚོགས་ཀྱི་ཚོགས་གཙོའི་གཏམ་བཤད་ཆེད་འདིར་བསྣུན།

ཉིན་མོ་སྲུང་རྩིའི་ལས་བསྡོམས་སྙིང་བསྡུས།