Central Council of Tibetan Medicine

གསར་གནས།

གསོ་རིག་སློབ་གཉེར་ཁང་དུ་རྟོགས་ཞིབ་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༢༡ ཟླ་༣ ཚེས་༢༠ ཉིན་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ནས་དེབ་སྐྱེལ་འཕར་འགྱངས་ཀྱི་ཞུ་སྙན་འབྱོར་དོན། འདི་ནས་རྟོགས་ཞིབ་ཚོགས་མི་བཞི་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ཕྱི་ལོ་༢༠༢༡ ཟླ་༨ ཚེས་༢༣ ཉིན་སློབ་ཁང་དུ་དངོས་སུ་རྟོགས་ཞིབ་ཆེད་ཕེབས་གནང་། རྟོགས་ཞིབ་ཀྱི་རྒྱུད་རིམ་ནང་ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཙོས་རྟོགས་ཞིབ་ཚོགས་མི་རྣམས་ལ་འཚམས་འདྲི་དང་སྦྲགས་དེ་གའི་སློབ་ཁང་གི་རྒྱབ་ལྗོངས་ངོ་སྤྲོད་དང་འབྲེལ་རྟོགས་ཞིབ་ཀྱི་དགོས་དམིགས་དང་ཡིག་ཆ་ཁག་བཅས་ངོ་སྤྲོད་གནང་། སློབ་ཁང་གི་འགན་འཛིན་ནས་སློབ་ཁང་གི་ཉིན་རེའི་བྱེད་སྒོ་དང་སློབ་དགེ་དང་སློབ་ཚན་བཅས་ངོ་སྤྲོད་གནང་། དེ་རྗེས་ཚོགས་ཆུང་གི་ཚོགས་མི་རྣམས་སློབ་ཁང་གི་འཛིན་ཁང་དང་། སློབ་འཁྲིད་གནང་སྟངས། སློབ་མའི་སྡོད་ཤག་དང་རང་སྦྱོང་ཁང་། བརྟག་དཔྱད་སྨན་ཁང་དང་སྨན་ སྤྲོད་ཁང་། སྨན་རྫས་དང་སྨན་སྦྱོར་ཁང་། ནད་གསོ་ཁང་དང་དཔེ་མཛོད་ཁང་བཅས་ནང་རྟོགས་ཞིབ་ལེགས་པར་གནང་། ཚོགས་ཆུང་གི་ ཚོགས་མིས་སྨན་སློབ་གཉིས་ཟུར་དུ་འབོད་ནས་སློབ་འཁྲིད་སློབ་ཚན། སློབ་ཡོན་བསྡུ་བཞེས་དང་། དཔེ་དེབ་སོགས་ཀྱི་ཆ་རྐྱེན། གཞན་ཡང་དེང་དུས་ཚན་རིག་སོགས་ཡན་ལག་སློབ་ཚན་ཆེད་མཁས་དབང་གདན་ཞུ་དང་དེའི་ཕན་ཐོགས་སྐོར་སོགས་གནས་ཚུལ་ཆ་ཚང་བརྒྱུད་ལོན་ཞུས། དེ་རྗེས་སློབ་ཁང་གི་སློབ་སྤྱི་དང་འགན་འཛིན་བཅས་ལས་འཛིན་སྐྱོང་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་དང་། དེ་བཞིན་སློབ་མའི་མཚན་གཞུང་དང་། སློབ་འཁྲིད་རྩ་འཛིན་དང་བསྐྱར་ཞིབ། དཔེ་དེབ་ཐོ་གཞུང་། སློབ་ཐོན་ཕྱག་འཁྱེར་ངོ་བཤུས་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གཏན་འབེབས་གནང་བའི་བོད་ཀྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པའི་སློབ་གཉེར་ཁང་གི་དེབ་སྐྱེལ་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་དགོངས་དོན་ཆ་རྐྱེན་དང་ཡིག་ཆ་བཅས་མཁོ་སྒྲུབ་ཞུས་རྗེས་སློབ་ཁང་ནས་འགེངས་ཤོག (Form 1/A) ཚོགས་ཆུང་གི་ཚོགས་མི་རྣམས་ནས་རྟོགས་ཞིབ་སྙན་ཐོའི་འགེངས་ཤོག་ (Form 1/ B, C) དང་མཉམ་སྦྱར་ཡིག་ཆ་ཁག་བཅས་ལེགས་ པར་བསྐངས་མཐར་ཚོགས་ཆུང་ནས་གོང་གསལ་སློབ་ཁང་དེར་སྒྲིག་མཐུན་ཆ་རྐྱེན་ཕལ་ཆེར་ཚང་བར་རྟེན་གཏན་འཇགས་དེབ་སྐྱེལ་གྱི་རྒྱབ་གཉེར་གནང་བའི་སྙན་ཐོ་དང་ཡིག་ཆ་བཅས་ལྷན་ཚོགས་སུ་ཕུལ། ཕྱི་ལོ་༢༠༢༡ ཟླ་༨ ༢༦་་་༢༨ བར་གྱི་ལྷན་ཚོགས་ཚོགས་ཐེངས་…

བྱིས་པ་རྣམས་ལ་གཉན་རིམས་ཀོ་ཝིཌ་༡༩ སྔོན་འགོག་དང་གསོ་བཅོས།

རྒྱ་གར་ནང་གཉནརིམས་ཀོ་ཝིཌ་༡༩ ནད་རླབས་གསུམ་པའི་ཉེན་བརྡ་གཏོང་བཞིན་ས་གནས་ཚང་མར་ནད་ཡམས་སྔོན་འགོག་དང་ཁྱབ་གདལ་བཀག་འགོག་གི་གྲ་སྒྲིག་འགྲོ་བསྟུན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་རིག་སྨན་པ་རྣམས་ལ་ནད་རླབས་གསུམ་པའི་ཁྲོད་བྱིས་པ་རྣམས་ལ་ནད་གཞི་འདི་ཕོག་ཉེན་ཆེ་བ་ཡོད་པ་ཆེད་ལས་པས་གསུངས་བཞིན་ཡོད་ན་བྱིས་པ་རྣམས་ལ་ནད་གཞི་འདི་སྔོན་འགོག་དང་གསོ་བཅོས་ཇི་འདྲ་བྱེད་དགོས་ཐད་ལྷན་ཚོགས་ནས་བདེ་ལེགས་སྨན་ཁང་གི་བྱིས་པའི་ནད་ཀྱི་ཆེད་ལས་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་དང་བོད་ལུགས་གསོ་རིག་ཐོག་ནས་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་གཉིས་དྲ་ཐོག་ཏུ་གདན་ཞུས་ཀྱིས་འཚོ་བྱེད་སྨན་པ་རྣམས་ལ་དྲ་ཐོག་གཏམ་བཤད་ལས་རིམ་༼ཨང་༤༤༽ གོ་སྒྲིག་ཞུས། ཟབ་སྦྱོང་འདིའི་ནང་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་། ལྕགས་པོ་རི་བོད་སྨན་སློབ་གཉེར་ཁང་གི་སྨན་པ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྨན་པ་དང་། ལ་དྭགས་དང་དེ་བཞིན་བལ་ཡུལ་དང་འབྲས་ལྗོངས་ཁུལ། གཞན་ཡང་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་ཕྱི་རྒྱལ་གནས་བཞུགས་སྨན་པ་བསྡོམས་གྲངས་༣༠ ལྷག་མཉམ་བཞུགས་གནང་ཡོད།

མཆིན་ནད་དུག་ཐབས་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ལོ་ལྟར་ཟླ་༧ ཚེས་༢༨ དེ་མཆིན་ནད་དུག་ཐབས་ཉིན་མོ་ཞེས་མཆིན་ནད་དུག་ཐབས་ཐོག་ གོ་རྟོགས་སྤེལ་བཞིན་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་འདི་ལོ་ཟླ་༧ ཚེས་༢༨ ཉིན་གསོ་རིག་སྨན་པ་རྣམས་ལ་མཆིན་ནད་དུག་ཐབས་ནད་བཅོས་ཐོག་དྲ་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་འདིིའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ནང་ནད་དུག་ འདིའི་རྐྱེན་གྱིས་སྐར་ཆ་སུམ་ཅུར་མི་རེ་འདས་གྲོངས་སུ་འགྲོ་བ་སྟེ་ལོ་རེར་མི་ས་ཡ་༡ ལྷག་འདས་གྲོངས་དང་ལོ་རེར་མི་གྲངས་ས་ཡ་༣ ཙམ་ནད་གཞི་གསར་པ་ཕོག་གི་ཡོད་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་ན། རང་རེ་བོད་མིའི་སྤྱི་ཚོགས་ཁྲོད་མཆིན་ནད་དུག་ཐབས་ཀྱི་ནད་པའི་གྲངས་ཚད་ཅུང་མཐོ་བོ་ཡོད་ན་ནད་གཞི་འདིར་དམིགས་ནས་ཟབ་སྦྱོང་ཕུལ་བ་རྒྱུད་ མང་ཚོགས་ནང་ནད་དུག་འདི་སྔོན་འགོག་དང་གསོ་བཅོས། ཟས་སྤྱོད་འཕྲོད་བསྟེན་དང་སྔོན་འགོག་སྨན་ཁབ་ཐོག་གོ་རྟོགས་སྤེལ་ནས་ ནད་གཞི་རྩ་མེད་གཏོང་ཐབས་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་དེ་ཡིན། ད་ལན་དྲ་ཐོག་ཟབ་སྦྱོང་འདིའི་ཐོག་འདིའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་ཚན་པའི་འོག་མཆིན་ནད་དུག་ཐབས་ལས་གཞིའི་འབྲེལ་ཡོད་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་སྒྲོལ་དཀར་ལགས་ནས་བོད་མིའི་སྤྱི་ཚོགས་ཁྲོད་མཆིན་ནད་དུག་ཐབས་ཐོག་ཉམས་ཞིབ་དང་ད་ལྟའི་གནས་སྟངས་ཐོག་གཏམ་བཤད་བགྲོ་གླེང་གནང་ཡོད་པ་དང་། དེ་རྗེས་ཕྱི་ལུགས་སྨན་པ་དོན་འགྲུབ་བཀྲ་ཤིས་ལགས་ནས་ཕྱི་ལུགས་སྨན་གྱི་ཐོག་ནས་གཙོ་བོ་ནད་གཞི་སྔོན་འགོག་ཆེད་བྱིས་པ་བཙས་ནས་ཆུ་ཚོད་༢༤ ནང་ཚུད་མཆིན་ནད་དུག་ཐབས་ཀྱི་སྔོན་འགོག་སྨན་ཁབ་རྒྱག་དགོས་ཐུབ་ན་དེས་འབྱུང་འགྱུར་སྤྱི་ཚོགས་ནང་ནད་གཞི་རྩ་མེད་གཏོང་ཐབས་ཡོད་པ་དེ་སྤྱི་ཚོགས་འཕྲོད་བསྟེན་ཐོག་འགན་འཁུར་སྨན་པ་གཙོས་སྨན་ཞབས་རྣམས་ནས་གོ་རྟོགས་སྤེལ་དགོས་གལ་གནད་དང་། གཞན་ཡང་མཆིན་ནད་དུག་ཐབས་ནད་མནར་བཞིན་པ་རྣམས་ལ་ཕྱི་ལུགས་སྨན་གྱི་ཐོག་ནས་བརྟག་དཔྱད་སྨན་བཅོས་ཀྱི་རིམ་པ་རྣམས་ངོ་སྤྲོད་དང་དེའི་ཐོག་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་ཐོག་སྨན་བཅོས་གནང་དགོས་པའི་གལ་གནད་ཐོག་གསུང་བཤད་དང་དེའི་ཐོག་དོགས་འདྲི་ཁག་ལ་ལན་འདེབས་གནང་ཡོད། མཆིན་ནད་དུག་ཐབས་ལ་བོད་སྨན་གྱིས་མཆིན་པའི་བྱེད་ནུས་གསོ་བར་བྱེད་པར་ཕན་ནུས་ཧ་ཅང་ཡག་པོ་ཐོན་བཞིན་པར་ འདིའི་ཐོག་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ནས་ལོ་མང་རྒྱ་གར་དང་བོད་མིའི་སྤྱི་ཚོགས་ཁྲོད་ནད་བཅོས་ཞབས་ཞུ་བསྒྲུབ་པའི་ཉམས་མྱོང་གསུང་བཤད་དང་དེའི་ཐོག་སྨན་པ་རྣམས་ནས་སྨན་གཏོང་ཚུལ་དང་ཟུང་འབྲེལ་གྱིས་སྨན་བཅོས་བྱེད་ཐབས་ཐོག་དྲི་བ་བགྲོ་གླེང་གནང་ཡོད། དྲ་ཐོག་ཟབ་སྦྱོང་འདིར་ཁྱོན་སྨན་པ་དང་སྨན་སློབ་གྲངས་༥༥ ཙམ་མཉམ་བཞུགས་གནང་ཡོད། མཆིན་ནད་དུག་ཉིན་མོ་བསྟུན་༸རྒྱལ་བའི་སྐུ་བཅར་སྨན་པ་བསྟན་འཛིན་ལྷ་སྒྲོན་མཆོག་ནས་གསོ་རིག་ལྷན་ཚོགས་ཀྱི་སྐད་འཕྲིན་ནང་གསོ་རིག་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་གཞིར་བཞག་ཐོག་ནད་གཞི་འདིའི་རྒྱུ་རྐྱེན་དབྱེ་བ་དང་། ནད་རྟགས། ལོ་མང་བརྟག་དཔྱད་སྨན་བཅོས་དང་ཉམས་ཞིབ་གནང་བའི་གསོ་བཅོས་ཉམས་མྱོང་གི་གསུང་བཤད་དང་། དེའི་ཐོག་སྨན་པ་གཞོན་པ་རྣམས་ནས་དོགས་ འདྲི་ལན་འདེབས་དང་། ཆབས་ཅིག་སྐད་འཕྲིན་ནང་བཞུགས་སྨན་པ་བགྲེས་པ་ཁག་ཅིག་ནས་ཀྱང་སོ་སོའི་ནད་བཅོས་ཉམས་མྱོང་གསུང་བཤད་གནང་ནས་མཆིན་ནད་དུག་ཐབས་ཐོག་གསོ་རིག་སྨན་པ་རྣམས་ལ་ཟབ་སྦྱོང་དོན་སྨིན་ལྡན་པ་ཕུལ་ཐུབ་པ་བྱུང། ཉིན་མོ་འདི་བསྟུན་ལྷན་ཚོགས་ཚོགས་གཙོས་ཁྱབ་ཁོངས་སྨན་པ་རྣམས་ལ་སྤྱི་ཚོགས་འཕྲོད་བསྟེན་ཐོག་གསོ་རིག་སྨན་པ་རྣམས་ནས་ས་གནས་སུ་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པར་ཡི་རངས་བསྔགས་བརྗོད་དང་འབྲེལ། འབྱུང་འགྱུར་བོད་མིའི་སྤྱི་ཚོགས་ནང་མཆིན་ནད་དུག་ཐབས་རྩ་མེད་གཏོང་རྒྱུར་ས་གནས་སྨན་པ་རྣམས་ནས་མང་ཚོགས་ལ་སྔོན་འགོག་གསོ་བཅོས་ཐོག་གོ་རྟོགས་ལམ་སྟོན་དང་། ནད་གཞི་འདིའི་རིགས་ལ་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་ཐོག་ནས་གསོ་བཅོས་ཞབས་འདེགས་སྔར་ལྷག་འགན་འཁུར་བཞེས་གནང་དགོས་པའི་རེ་སྐུལ་ཞུས་པ་བཅས་གནས་ཚུལ་སྙིང་བསྡུས་སུ།།  

རྩོམ་བསྡུའི་གསལ་བསྒྲགས།

རྩོམ་བསྡུའི་གསལ་བསྒྲགས། དགོངས་གསལ་བཞིན་ཕྱི་ལོ་༢༠༡༩ ནས་ལོ་ལྟར་ཟླ་༩ ཚེས་༡༡ དེ་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཞུ་ བཞིན་ཡོད་ན་འདི་ལོ་༢༠༢༡ ཟླ་༩ ཚེས་༡༡ དེ་བཞིན་གསོ་བ་རིིག་པའི་ཉིན་མོ་སྲུང་རྩི་ཐེངས་གསུམ་པ་ དེ་ཆགས་ཀྱི་ཡོད། ཉིན་མོ་སྲུང་རྩི་དང་འབྲེལ་གསོ་རིག་ལྷན་ཚོགས་ནས་གསོ་རིག་ཆེད་རྩོམ་ཕྱོགས་ བསྡུས་དེབ་རེ་དཔར་བསྐྲུན་འགྲེམས་སྤེལ་ཞུ་བཞིན་ཡོད་ན་རྒྱ་ཆེ་གསོ་བ་རིག་པའི་སྨན་པ་རྣམས་ནས་ གསོ་བ་རིག་པའི་གཞུང་དང་ལག་ལེན། བརྟག་དཔྱད་སྨན་བཅོས། སྨན་རྒྱུ་སྨན་སྦྱོར། གསོ་རིག་ལོ་རྒྱུས། གཞན་ཡང་འཕྲོད་བསྟེན་སྤྱི་ཤེས་དང་འབྲེལ་ཆེད་རྩོམ་མམ་དཔྱད་རྩོམ་མཆིས་ཚེ་ལྷན་ཚོགས་ཀྱི་གློག་ འཕྲིན་ཁ་བྱང་འདིའི་<cctm2004@gmail.com>ཐོག་ཕྱི་ལོ་༢༠༢༡ ཟླ་༨ ཚེས་༡༥ འགྱངས་མེེད་བསྐུར་ གནང་ཡོང་བའི་གསལ་བསྒྲགས་ཞུ། ཆེད་རྩོམ་མམ་དཔྱད་རྩོམ་སྐད་ཡིག་བོད་ཨིན་གང་རུང་། བོད་ཡིག་སྨོན་ལམ་ཡིག་གཟུགས་ཆེ་ཆུང་ཨང་ ༡༤ ཨིན་ཡིག་ Times Roman 12 ཐོག་བསྐུར་གནང་ཡོང་བ་ཞུ། ལྷན་ཚོགས་ནས་རྩོམ་སྒྲིག་ཚོགས་ཆུང་ཟུར་འཛུག་གིས་མཐའ་མའི་རྩོམ་འདེམས་སྒྲུག་བྱུང་བ་རྣམས་དོ་བདག་ལ་འབྲེལ་ཞུས་ཀྱིས་འདོན་སྤེལ་ཞུ་རྒྱུ་ཡིན་པ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༢༡ ཟླ་༦ ཚེས་༡ ལ།།    

སྨན་པ་ཨོ་རྒྱན་རྒྱ་མཚོ་ལགས་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མིར་བསྐོས་གཞག་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་སྨན་པ་བསྟན་འཛིན་ནོར་བཟང་ལགས་དགོངས་པ་ཞུས་རྗེས་འདི་ནས་འཕྲོད་བསྟེན་ལས་ཁུངས་སུ་སྙན་གསན་ཞུས་རྗེས་ཕྱི་ལོ་༢༠༢༡ ཟླ་༣ ཚེས་༢༦ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༦།༡།ང་ དགོངས་དོན་ཕྱི་ལུགས་སྨན་པ་ཨོ་རྒྱན་རྒྱ་མཚོ་ལགས་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མིར་བསྐོས་གཞག་གནང་། སྨན་པ་ཨོ་རྒྱན་རྒྱ་མཚོ་ལགས་ནི་བོད་ནང་བཙས་པའི་བོད་ཕྲུག་ཞིག་ཏེ་ཁོང་ལོ་གཅིག་ལ་སོན་དུས་ཨ་ལགས་ཀྱིས་རྒྱ་གར་དུ་འཁྲིད་གནང་། ཆུང་དུས་གོ་པཱལ་པུར་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་གཞི་རིམ་སློབ་སྦྱོང་གནང་། དེ་རྗེས་སཱེ་ལ་ཀུད་བོད་ཁྱིམ་ནས་འབྲིང་རིམ་སློབ་ཐར་ཕྱིན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་སློབ་ཡོན་འོག་ཁོང་རྒྱ་གར་བྱང་ཕྱོགས་སིམ་ལ་ཨིན་དཱ་རཱ་གཱན་དྷི་སྨན་གྱི་མཐོ་སློབ་ནས་ཕྱི་ལུགས་སྨན་གྱི་རིག་པར་སློབ་སྦྱོང་ (MBBS) སློབ་ཐར་ཕྱིན། སྨན་པ་རྒྱ་མཚོ་ལགས་ཁོང་ཉིད་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་ཡར་རྒྱས་ཐོག་ཞབས་ ཞུ་བསྒྲུབ་འདོད་པ་བཞིན་ཕྱི་ལོ་༢༠༡༨ ཟླ་༢ ནས་རྡ་ས་བོད་ཀྱི་བདེ་ལེགས་སྨན་ཁང་དུ་སྨན་པའི་ལས་སྣེར་བསྐོས་གཞག་གིས་ད་ཆ་སྨན་པའི་ ལས་འཁུར་ཞུ་བཞིན་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།།

དྲ་ཐོག་ཟབ་སྦྱོང་།

ཕྱི་ལོ་༢༠༡༩ ལོའི་ལོ་མཇུག་ནས་རྒྱ་གར་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་གཉན་རིམས་ཀོ་ཝིཌ་༡༩ ད་ཆ་འཛམ་གླིང་རྒྱལ་ཁབ་དང་ཡུལ་ཕྲན་གྲངས་༢༢༣ ཙམ་ནང་ཁྱབ་གདལ་ཆེ་ཆེར་སོང་ནས་འགྲོ་བ་འབུམ་ཕྲག་མང་པོའི་ཚེ་སྲོག་ཕྱིན་ཡོད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་སྔ་ལོ་༢༠༢༠ ཟླ་༤ ནས་ཁྱབ་ཁོངས་སྨན་པ་རྣམས་ལ་ཀོ་ཝིཌ་༡༩ ནད་གཞི་གཙོས་གསོ་རིག་གཞུང་དང་ལག་ལེན་ཐོག་ཁྱོན་བརྗོད་གཞི་གྲངས་༣༥ ཐོག་དྲ་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།   རྒྱ་གར་ནང་ད་ཆ་ཀོ་ཝིཌ་༡༩ ནད་རླབས་གཉིས་པའི་རྐྱེན་གྱིས་མི་མང་པོར་འཕྲོད་བསྟེན་དཀའ་ངལ་ཆེན་པོ་འཕྲད་བཞིན་སྨན་ཁང་ནང་མལ་ཁྲི་དང་ཆེད་ལས་སྨན་པ་དང་སྨན། སྨན་གྱི་ཡོ་བྱད་མ་འདེང་བའི་དཀའ་ངལ་ཆེ་ཆེར་འཕྲད་བཞིན་ཡོད། ཐེངས་འདིར་རྒྱ་གར་རྒྱལ་ས་ལྡི་ལི་ནང་ཀོ་ཝིཌ་༡༩ ནད་གཞིར་སྨན་བཅོས་བྱེད་མཁན་ཕྱི་ལུགས་སྨན་པ་བསྟན་འཛིན་སྙན་གྲགས་གདན་ཞུས་ཀྱིས་གཉན་རིམས་ཀོ་ཝིཌ་༡༩ སྨན་བཅོས་ཉམས་མྱོང་ལས་ཁྲོད་པའི་གལ་ཆེའི་གནད་དོན་ཐོག་གཏམ་བཤད་བགྲོ་གླེང་དང་། ཉམས་ཞིབ་པ་བསྟན་འཛིན་ཆོས་འཕེལ་ལགས་ནས་ཀོ་ཝིཌ་༡༩ སྔོན་འགོག་སྨན་ཁབ་དང་འབྲེལ་བའི་ཏོག་གཏམ་བཤད་དང་དྲི་བ་དྲི་ལན་གནང་ཡོད།

ཡིད་སྐྱོའི་གནས་ཚུལ།

  ཕྱི་ལོ་༢༠༢༡ ཟླ་༥ ཚེས་༡༦ སྔ་དྲོ་ཆུ་ཚོད་༧།༥༠ ཙམ་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་སྨན་རམས་པ་བསྟན་འཛིན་ ནོར་བུ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་ ཚབ་ཞུས་ཏེ་མྱ་ངན་རྗེས་དྲན་དང་སྦྲགས་གསོལ་བ་སྨོན་ལམ་ཤུགས་དྲག་ཞུ་བ་དང་ཆབས་ཅིག་ཚེ་འདས་ཁོང་གི་ནང་མི་སྤུན་མཆེད་རྣམས་ ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ། སྨན་རམས་པ་བསྟན་འཛིན་ནོར་བུ་མཆོག་ནི་ཕྱི་ལོ་༡༩༦༠ ལོར་རྒྱ་གར་ནུབ་སྦེང་གཱལ་མངའ་ཁོངས་ཀ་ལོན་སྦུག་ཏུ་སྐུ་འཁྲུངས། ཕྱི་ལོ་ ༡༩༨༢ ལོར་རྡ་ས་བོད་ཀྱི་སྨན་རྩིས་མཐོོ་སློབ་ཁང་གི་སྐབས་ལྔ་པའི་སློབ་ཁོངས་སློབ་བཞུགས་ཀྱིས་ལོ་ལྔའི་རིང་བོད་ཀྱི་གསོ་རྩིས་རིག་ པའི་གཞུང་ལ་སློབ་སྦྱོང་གནང་ནས་ཕྱི་ལོ་༡༩༨༦ ལོར་སྨན་པ་དཀའ་བཅུ་པའི་སློབ་པ་མཐར་སོན།  ཐོག་མར་༡༩༨༦ ནས་སྐུ་ཚེའི་འཕེན་པ་ མ་རྫོགས་ཀྱི་བར་བོད་ཀྱི་གསོ་བ་རིག་པའི་བསྟན་དོན་སྤྱི་དང་ཡང་སྒོས་བོད་ཀྱི་སྨན་རྩིས་ཁང་དུ་མི་ལོ་༣༣ ཙམ་རིང་སྦོམ་དྷི་ལ་དང་སཱ་ལུ་ གཱ་ར། ཤི་ལོང་། ཀོལ་ཀ་ཏ། ཀོ་ལེ་གལ་དོན་ལྡན་གླིང་། ལྡི་ལི་རོ་ཧི་ནི་དང་བསམ་ཡས་གླིང་ཡན་ལག་སྨན་ཁང་བཅས་ནང་བརྟག་དཔྱད་སྨན་ པའི་འགན་འཁུར་གཙོ་བོ་བཞེས་ནས་ཉམས་ཐག་ནད་མནར་མང་པོར་སྨན་བཅོས་དང་ཟས་སྤྱོད་འཕྲོད་བསྟེན་གྱི་སློབ་གསོ་ལམ་སྟོན་རྒྱ་ཆེ་ གནང་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཞབས་འདེགས་བླ་ལྷག་ཞུས་གནང་། ཕྱི་ལོ་༡༩༩༩ ལོར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་སྨན་རམས་པ་ཆུང་བའི་ཕྱག་འཁྱེར་མཚན་གནས་བཞེས།   ཕྱི་ལོ་༢༠༠༦ ཟླ་༡ ཚེས་༤ ཉིན་ཁོང་ཉིད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་ཚད་ལྡན་སྨན་པའི་ཁོངས་དེབ་སྐྱེལ་གནང་ཞིང་ལྷན་ཚོགས་ ཀྱི་ཚོགས་ཆེན་དང་ཟབ་སྦྱོང་ལ་མཉམ་བཞུགས་གནང་། ཕྱི་ལོ་༢༠༡༡་་༢༠༡༣ བར་ལོ་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ ཀྱི་ཀ་རྡོར་སྒང་གསུམ་དང་སཱ་ལུ་གཱ་ར་ཁུལ་གྱི་ས་གནས་ འབྲེལ་མཐུད་པར་བསྐོས་གཞག་གིས་ཕྱག་ལས་འགན་འཁུར་དང་། ས་གནས་དེ་…

ཡིད་སྐྱོའི་གནས་ཚུལ།

  ཕྱི་ལོ་༢༠༢༡ ཟླ་༥ ཚེས་༤ སྔ་དྲོ་ཆུ་ཚོས་༥།༣༠ ཙམ་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྨན་རམས་པ་ལྷུན་ཁང་ཉི་མ་ཚེ་རིང་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་མྱ་ངན་རྗེས་དྲན་དང་སྦྲགས་གསོལ་བ་སྨོན་ལམ་ཤུགས་དྲག་ཞུ་བ་དང་ཆབས་ཅིག་ཞིང་གཤེགས་ཁོང་གི་ནང་མི་སྤུན་མཆེད་དང་ཉེ་འབྲེལ་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ། སྨན་རམས་པ་ལྷུན་ཁང་ཉི་མ་ཚེ་རིང་མཆོག་ནི་ཕྱི་ལོ་༡༩༦༤ ལོར་བོད་རྒྱལ་རྩེ་ཕྱག་སྟོང་ལྷུན་ཁང་གི་ཁྱིམ་གཞིས་ནང་སྐུ་འཁྲུངས་ ཤིང་༡༩༦༨ ནས་ ༡༩༧༡ བར་བོད་རྒྱལ་རྩེ་སློབ་གྲྭར་ལོ་ལྔ་རིང་སློབ་སྦྱོང་གནང་། ཕྱི་ལོ་༡༩༨༡ ལོར་འབྲུག་བརྒྱུད་རྒྱ་གར་དུ་ བཙན་བྱོལ་དུ་འབྱོར། ཕྱི་ལོ་༡༩༨༡ ནས་༡༩༨༢ བར་རྡ་ས་མཚན་ཉིད་སློབ་གཉེར་ཁང་དུ་ལོ་གཅིག་རིང་ནང་ཆོས་སློབ་གཉེར་ གནང་ཞིང་༡༩༨༢་་་༡༩༨༧ བར་བོད་གཞུང་སྨན་རྩིས་མཐོོ་སློབ་ཁང་དུ་ལོ་ལྔའི་རིང་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་གནང་སྟེ་སྨན་པ་དཀའ་བཅུ་པ་སློབ་མཐར་སོན། ཕྱི་ལོ་༡༩༨༤ དང་ཕྱི་ལོ་༡༩༩༤ ནང་ཏེ་ཛུ་། ཌལ་ཧོར་ས་གནས་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་མི་དང་ས་གནས་གཞོན་ནུའི་ལས་འཁུར་ཞུས། ཕྱི་ལོ་༡༩༨༨ ནས་ཕྱི་ལོ་༢༠༠༣ བར་བོད་ཀྱི་སྨན་རྩིས་ཁང་གི་བརྟག་དཔྱད་སྨན་པའི་འགན་འཁུར་གྱིས་ལོ་ལྔའི་རིང་ཡན་ལག་སྨན་ཁང་ཁག་ནང་སྨན་པའི་ཞབས་ཞུ་བསྒྲུབ་པ་དང་། ཕྱི་ལོ་ ༡༩༩༦ ནས་༢༠༠༣ བར་བོད་ཀྱི་སྨན་རྩིས་ཁང་གི་ལྡི་ལི་བསམ་ཡས་གླིང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ཕྱག་ལས་གནང་། ཕྱི་ལོ་༢༠༠༠ ལོར་བོད་ཀྱི་སྨན་རྩིས་ཁང་ནས་སྨན་རམས་པའི་མཚན་གནས་བཞེས། ཕྱི་ལོ་༢༠༠༤ ལོར་ལྡི་ལི་བསམ་ཡས་གླིང་དུ་ལྷུན་ཁང་བོད་ཀྱི་གསོ་རིག་སྨན་ཁང་ཆེད་འཛུགས་ཀྱིས་ད་བར་འགྲོ་བ་ནད་པ་མང་པོར་སྨན་བཅོས་དང་ཉམས་ཐག་ནད་པ་མང་པོར་སྨན་སྦྱིན་གནང་ནས་འགྲོ་བ་ནད་པ་མང་པོའི་ཚེ་སྲོག་སྐྱོབ་པའི་བརླབས་ཆེན་གྱི་མཛད་རྗེས་བཞག་གནང་ཡོད། ཕྱི་ལོ་༢༠༠༧ ནས་ལོ་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་མཚན་གནས་ཐོག་ཕྱག་ལས་ འགན་འཁུར་གནང་ཡོད་པ་དང་ཕྱི་ལོ་༢༠༡༤ ནས་ད་བར་གསོ་རིག་ལྷན་ཚོགས་ཀྱི་ལྡི་ལི་ཁུལ་གྱི་ས་གནས་འབྲེལ་མཐུད་སྨན་ པའི་ཐུགས་འགན་བཞེས།…

ཡིད་སྐྱོའི་གནས་ཚུལ།

ཕྱི་ལོ་༢༠༢༡ ཟླ་༢ ཚེས་༤ སྔ་དྲོ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་ཐུབ་བསྟན་རྒྱལ་མཚན་ལགས་སྙུན་གཞིའི་རྐྱེན་གྱིས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མིའི་ཚང་མའི་ཚབ་ཞུས་ཏེ་མྱ་ངན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཚེ་འདས་ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ། སྨན་པ་ཐུབ་བསྟན་རྒྱལ་མཚན་ལགས་ནི་ཕྱི་ལོ་༡༩༥༢ ལོར་བོད་མངའ་རིས་གུ་གེར་སྐུ་འཁྲུངས་ཤིང། ཕྱི་ལོ་༡༩༨༧ ལོར་རྡ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་དཀའ་བཅུ་སྨན་པའི་སློབ་ཐོན་གྱིས་དུས་དེ་ནས་བཟུང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁོངས་དོན་ལྡན་གླིང་དང་ལུགས་བསམ་དེ་བཞིན་འདོད་རྒུ་གླིང་དུ་ཆགས་པའི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་༡༩༩༩ ཟླ་༣ ཚེས་༢༣ ཉིན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་སྨན་རམས་པ་ཆུང་བའི་ཕྱག་འཁྱེར་བཞེས་ཤིང་སྐུ་ཚེ་ཧྲིལ་པོ་སྟེ་ཁྱོན་མི་ལོ་༣༤ ཙམ་རིང་ཉམས་ཐག་ནད་པའི་འགྲོ་དོན་བསྐྱངས་གནང་མཛད་ཅིང་གཞུང་དང་ལག་ལེན་གང་ཅིར་ཉམས་མྱོང་ཅན་གྱི་སྨན་པ་སྐུ་བགྲེས་ཤིག་ཡིན་པའི་ངོ་སྤྲོད་སྙིང་བསྡུས་སུ།།

ལྷན་ཚོགས་དབུ་བརྙེས་པ་དང་ལས་ཁུངས་དབུ་འབྱེད།

ཕྱི་ལོ་༢༠༢༡ ཟླ་༡ ཚེས་༥ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ཏེ་ལོ་༡༧ ཧྲིལ་པོ་འཁོར་བ་དང་དུས་བསྟུན་ བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ལྷན་ཚོགས་ཀྱི་ཡིག་ཚང་ཆེད་ཁང་པ་ཆེ་བ་ཞིག་མཐུན་འགྱུར་སྦྱོར་སྤྲོད་གནང་བ་དེ་དབུ་འབྱེད་གནང་ཡོད། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་ དབང་ཕྱུག་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་འཕྲོད་བསྟེན་དྲུང་ཆེ་དང་དྲུང་འཕར། ལྷན་ཚོགས་ཀྱི་འཛིན་སྐྱོང་ ཚོགས་མི་ཟུར་པ་དང་། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་བཅས་ཆེད་ཕེབས་གནང་ཡོད།   མཛད་སྒོའི་ཐོག་མར་སྔ་དྲོ་ཆུ་ཚོད་༩ པའི་ཐོག་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་དགེ་འདུན་པ་གཉིས་ནས་ ལས་ཁུངས་གསར་པར་རབ་གནས་དང་བཀྲ་ཤིས་བརྩེགས་པའི་ཤིས་བརྗོད་གསོལ་འདོན་གནང་། དེ་རྗེས་ཆུ་ཚོད་༡༠ པའི་ ཐོག་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་ལས་ཁུངས་གསར་པ་དབུ་འབྱེད་གནང་རྗེས་སྐུ་མགྲོན་རྣམ་པས་བཀྲ་ ཤིས་མཇལ་དར་དང་མཎ་ཌལ་རྟེན་དོད་ཕུལ་གནང་། དེ་ནས་མཛད་སྒོ་དངོས་གཞིའི་ཐོག་མར་གཡུ་ཐོག་གསོལ་འདེབས་འདོན་ཞིང་སྐུ་མགྲོན་རྣམ་པར་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དེ་རྗེས་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་ མཚམས་གཅོད་ཀྱིས་ཕྱི་ལོ་༢༠༢༠ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་རྗེས་དམིགས་བསལ་སྐུ་མགྲོན་མཆོག་ནས་ལྷན་ཚོགས་ནས་ཕྱོགས་སྒྲིག་ཞུས་པའི་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས།༼འདོན་ཐེངས་གཉིས་པ།༽ དྲ་ཐོག་ནས་དབུ་འབྱེད་གནང་། དེ་རྗེས་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཛད་བཅར་བ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན་གཙོ་བོ་བོད་ཀྱི་རིག་གནས་ཆེ་བ་ལྔ་ལས་གསོ་བ་རིག་པའི་གཞུང་ལུགས་ནི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་དར་བའི་བོད་ཀྱི་རིག་གཞུང་ཞིག་ཡིན་པ་དང་། རིག་གཞུང་འདི་ཉིད་མི་ཉམས་རྒྱུན་འཛིན་སླད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བཙན་བྱོལ་དུ་འབྱོར་མ་ཐག་བོད་ཀྱི་སྨན་རྩིས་ཁང་ཆེད་འཛུགས་གནང་ནས་ད་ཆ་ལོ་དྲུག་ཅུ་འཁོར་ལ་ཉེ་བ་རེད། དེ་ནས་རྒྱ་གར་ནང་རིམ་པས་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དང། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། དེ་བཞིན་ཧི་མཱ་ཅལ་སོ་ལན་རྫོང་ཁོངས་ན་ཡོད་པའི་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། ལ་དྭགས་ དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། ཉེ་བའི་ཆར་སྒང་ཏོག་ཁུལ་དུ་རྣམ་རྒྱལ་བོད་ཀྱི་ཤེས་ རིག་ཉམས་ཞིབ་ཁང་དུ་གསོ་རིག་སློབ་གཉེར་ཁང་། བཅས་ད་ལྟ་ལས་བསྡོམས་ནང་གསལ་བ་ལྟར་སློབ་གཉེར་ཁང་དེ་དག་ལས་སློབ་ཐོན་སྨན་པ་རྣམས་ནས་སྤྱི་ཚོགས་ནང་གསོ་རིག་སྨན་པ་ཐོན་མཁན་མང་དུ་ཕྱིན་ཡོད། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཡོད་པ་དེ་ཚད་ལྡན་ཐོག་བེད་སྤྱོད་གནང་རྒྱུའི་སླད་དགོངས་ཚུལ་མང་པོ་བྱུང་ནས་རིམ་པས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བ་རེད། ཁྲིམས་སྒྲིག་དེ་ཐོག་མར་ཕྱི་ལོ་༢༠༠༣ ལོར་གཏན་ལ་འབེབས་གནང་ནས་ད་ཆ་ལོ་ངོ་༡༨ འགྲོ་ཡི་ཡོད་པ་དང་། གསོ་…