Central Council of Tibetan Medicine

ལྷན་ཚོགས་སྐབས་དྲུག་པ་བདུན་པའི་ཚོགས་མིའི་རྩིས་སྤྲོད་རྩིས་ལེན་མཛད་སྒོ།

མགྲོན་ཤོག / ཚོགས་བརྡ།

མཛད་རིམ་ཆེད་འདིར་བསྣུན།

༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༢༢ ཟླ་༡༠ ཚེས་༣༡ ཉིན་ལྷན་ཚོགས་སྐབས་ དྲུག་པའི་ལས་ཡུན་གཙང་སྟེ་ལྷན་ཚོགས་སྐབས་བདུན་པའི་ཚོགས་མིར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་འགྲོ་ཕན་སྨན་རྩིས་ མཐོ་སློབ་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད། དེ་ཉིན་སྔ་དྲོ་ལྷན་ཚོགས་སྐབས་བདུན་པའི་ཚོགས་མི་རྣམས་ལྷན་ཚོགས་ཡིག་ ཚང་དུ་སྣེ་ལེན་དང་གསོལ་ཇ་འདེགས་འབུལ་ཞུས་རྗེས་ལྷན་ཚོགས་སྐབས་བདུན་པའི་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་ཚང་འཛོམས་ཐོག་ཚོགས་གཙོ་ཚོགས་གཞོན་དྲུང་ཆེའི་འོས་བསྡུས་གནང་། ཚོགས་འདུར་དངོས་སུ་ཚོགས་བཅར་མ་ཐུབ་པའི་ཚོགས་མི་ རྣམས་ནས་གློག་འཕྲིན་བརྒྱུད་ཚོགས་གཙོ་ཚོགས་གཞོན་དྲུང་ཆེའི་འོས་བསྡུས་གནང་ཡོད།

ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་མཛད་སྒོའི་དངོས་གཞི་བསྐོང་ཚོགས་གནང་བས་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ ལྡན་འཕྲོད་བསྟེན་དྲུང་འཕར་མཆོག་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་རྗེས་ཚོགས་བཅར་བ་རྣམས་ ནས་གཡུ་ཐོག་གསོལ་འདེབས་འདོན། དེ་རྗེས་ལྷན་ཚོགས་སྐབས་ལྔ་པའི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ནས་མཛད་ སྒོའི་ངོ་སྤྲོད་དང་སྦྲགས་འདས་པའི་ལོ་གསུམ་གྱི་ལས་བསྡོམས་སྙན་སྒྲོན་ཞུས། དེ་རྗེས་ལྷན་ཚོགས་སྐབས་བདུན་པའི་འོས་བསྡུའི་ ཚོགས་ཆུང་ནས་འོས་བསྡུའི་ལས་རིམ་དང་འོས་འདེམས་བྱུང་བའི་ཚོགས་མིའི་མཚ་ན་གཞུང་གསལ་བསྒྲགས་དང་སྦྲགས་ལྷན་ཚོགས་སྐབས་བདུན་པའི་ཚོགས་གཙོར་སྨན་རམས་པ་ཚེ་རིང་ཐག་གཅོད་དྲུང་འཚོ། ཚོགས་གཞོན་སྨན་དགེ་རྡོ་རྗེ་དགྲ་འདུལ་དང་དྲུང་ཆེ་སྨན་པ་པ་སངས་སྟོབས་ཆེན་བཅས་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་།

སྐུ་མགྲོན་གཙོ་བོ་མཆོག་ནས་ལྷན་ཚོགས་སྐབས་བདུན་པའི་ཚོགས་མི་རྣམས་ལ་འཚམས་འདྲིའི་མཇལ་དར་དང་འཕོ་བཞིན་པའི་སྐབས་དྲུག་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ལེགས་གསོལ་ཕྱག་འཁྱེར་གནང་། ལྷན་ཚོགས་སྐབས་བདུན་པའི་ཚོགས་གཙོ་མཆོག་ནས་ གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲོམ་གཞི་བརྟན་པོ་དགོས་རྒྱུ་གལ་ཆེ་བའི་སྐོར་གསུང་བཤད་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་དྲུང་འཕར་མཆོག་ནས་གསོ་བ་རིག་པའི་ལྷན་ཚོགས་འདི་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ནས་ཁྲིམས་ཡིག་གཏན་ལ་འབེབས་པའི་འོག་ཆེད་འཛུགས་གནང་བའི་ལྷན་ཚོགས་གལ་ཆེ་ཞིག་ཡིན་པས་ཁྱབ་ཁོངས་སྨན་པ་དང་རིག་གཞུང་བསྟི་ཁང་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་གང་ཐུབ་མཐུན་འགྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་གསུང་བཤད་གནང་།

མཛད་སྒོའི་མཐའ་མར་ལྷན་ཚོགས་ཀྱི་ཚོགས་མི་སྨན་པ་ཐོགས་མེད་ལགས་ནས་ལྷན་ཚོགས་ཀྱི་ལས་དོན་ཆེད་ད་བར་མཐུན་འགྱུར་ རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་དང་སྐབས་བདུན་པའི་རྒྱུན་ལས་རྣམ་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུས་རྗེས་ཚོགས་བཅར་བ་རྣམས་ནས་སྨན་རྩིས་བསྟན་རྒྱས་འདོན་པ་དང་སྦྲགས་མཛད་སྒོ་ལེགས་པར་གྲུབ།

ཕྱི་ཚེས་༣༡ ཉིན་ལྷན་ཚོགས་ཡིག་ཚང་དུ་ཚོགས་མི་གསར་རྙིང་དབར་ཡིག་ཆ་དང་ལས་དམ། ལས་ཁུངས་ཀྱི་འཛིན་ཆས་དང་དངུལ་ཁང་ལག་དེབ་སོགས་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་གནས་ཚུལ་སྙིང་བསྡུས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས།།

ལས་བསྡོམས་སྙིང་བསྡུས་ཆེད་འདིར་བསྣུན།