Central Council of Tibetan Medicine

གསར་གནས།

ཐུགས་གསོའི་འཕྲིན་ཡིག

ཕྱི་ལོ་༢༠༡༧ ཟླ་༥ ཚེས་༡༢ རེས་གཟའ་པ་སངས་ཉིན་འདི་ག་ཧི་མཱ་ཅལ་མངའ་སྡེའི་ཨཱ་ཡུ་ཝེ་དའི་བློན་ཆེན་ཤྲི་ཀཱ་རན་སིངྒ་མཆོག་སྙུན་གཞིའི་རྐྱེན་གྱིས་འདས་གྲོངས་སོང་བར་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ནས་ཁོང་གི་ནང་མི་བུ་ཕྲུག་ཚང་མར་ཐུགས་གསོ་དང་འདས་པོའི་ཆེད་གསོལ་སྨོན་ཞུ། ཁོང་ཉིད་ཧི་མཱ་ཅལ་མངའ་སྡེ་དང་ལྷག་པར་ཀུ་ལུའི་མི་མང་ཆེད་མི་ཚེ་ཧྲིལ་པོར་ཞབས་འདེགས་ཧུར་བསྐྱེད་ཞུས་པར་མི་མང་གིས་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དམ་པ་ཁོང་ཉིད་ཕྱི་མ་བདེ་བ་ཅན་གི་ཞིང་དུ་མྱུར་ནས་མྱུར་དུ་སྐྱེ་བར་འགྱུར་བའི་གསོ་བ་སྨོན་ལམ་ཞུ་རྒྱུ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས།།  

སྨན་ཁང་དེབ་སྐྱེལ་དང་འབྲེལ་བའི་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསལ་བསྒྲགས་ཞུ་སྙིང། ཉེ་བའི་འཆར་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ནས་མངའ་སྡེའི་ནང་བརྟག་དཔྱད་སྨན་ཁང་ཁག་ཅིག་ལ་དེབ་སྐྱེལ་ཡོད་མེད་རྟོགས་ཞིབ་ཆེད་བསྐྱོད་གནང་ནས་དེབ་སྐྱེལ་མེད་པའི་སྨན་ཁང་རྣམས་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་འདུག་ན་འདི་ག་ལྷན་ཚོགས་ནས་འབྲེལ་ཡོད་མངའ་སྡའི་ལས་ཁུངས་སུ་ཆེད་བཅར་གྱིས་བོད་ཀྱི་གསོ་བ་རིག་པའི་བརྟག་དཔྱད་སྨན་ཁང་དེབ་སྐྱེལ་བྱེད་ཕྱོགས་དང་འབྲེལ་བཀའ་འདྲི་ཞུས། དེ་ནས་ལམ་སྟོན་གནང་གསལ་མངའ་སྡེའི་ནང་གལ་ཏེ་སྒེར་མི་སུས་ཀྱང་བརྟག་དཔྱད་སྨན་ཁང་སྒོ་ཕྱེ་བའམ་ཕྱེ་རྒྱུ་ཡིན་ན་ངེས་པར་དུ་དེབ་སྐྱེལ་གནང་དགོས་སྐོར་གསུངས་སོང། དེབ་སྐྱེལ་བྱེད་ཕྱོགས་ཀྱི་ལམ་སྟོན་གཤམ་གསལ། དེབ་སྐྱེལ་ཞུ་ཕྱོགས་དང་འབྲེལ་དྲ་རྒྱ། http://clinicalestablishments.nic.in/ དེབ་སྐྱེལ་སྒྲིག་གཞི། http://clinicalestablishments.nic.in/WriteReadData/969.pdf དེབ་སྐྱེལ་ཆ་རྐྱེན། སློབ་ཐོན་ལག་འཁྱེར་གྱི་ངོ་བཤུས། དེབ་སྐྱེལ་གཙོ་འགན་བའི་ངོ་སྤྲོད་ལག་འཁྱེར། དེབ་སྐྱེལ་དོད། ཧིན་སྒོར་༥༠༠།༠༠ སྨན་ཁང་ཆགས་སའི་ས་ཆའི་ས་ཁྲ་དང་ཁ་བྱང་། དྲ་ཐོག་ནས་བཀང་པའི་དེབ་སྐྱེལ་ཞུ་སྙན་གྱི་ངོ་བཤུས། བཅས་གོང་གསལ་ཡིག་ཆ་རྣམས་མངའ་སྡེའི་གཞུང་གི་སྨན་པ་གཙོ་བོའི་ལས་ཁུངས་(CMO Office) སུ་ཕུལ་དགོས་འདུག དེ་ནས་ཉིན་གྲངས་བཅུ་ཙམ་རྗེས་མངའ་སྡེའི་སྨན་པ་གཙོ་བོའི་བཀའ་འཁྲོལ་ཐོབ་མཚམས་སྨན་ཁང་དེ་སྒོ་ཕྱེ་ཆོག་པའི་བཀའ་འཁྲོལ་ཐོབ་པ་རེད་འདུག དེ་ལྟར་ཧི་མཱ་ཅལ་མངའ་སྡེའི་ལས་ཁུངས་ནས་ལམ་སྟོན་གནང་བ་དེ་ཡིན་ལ་གཞན་ཡང་རྒྱ་གར་མངའ་སྡེ་གང་སར་བོད་ཀྱི་གསོ་བ་རིག་པའི་བརྟག་དཔྱད་སྨན་ཁང་ཡོད་ཚེ་ངེས་པར་དུ་འབྲེལ་ཡོད་ལས་ཁུངས་སུ་འབྲེལ་བ་གནང་དགོས། བཅས་ལྷན་ཚོགས་ནས་ལམ་སྟོན་ཚུལ་དུ་ཞུས་པ་ལགས་ན་འབྲེལ་ཡོད་སྨན་པ་དང་སྨན་ཁང་གཉེར་མཁན་ཚང་མས་ཐུགས་སྣང་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༦ ལ།།

ལྷན་ཚོགས་ཚོགས་ཐེངས་༢༦ བསྐོང་ཚོགས་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༢༦ པ་དེ་བཞིན་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༡༠ ནས་ཚེས་༡༤ བར་བསྐོང་ཚོགས་གནང་ཡོད། ཚོགས་ཐེངས་འདིར་ལྷན་ཚོགས་ཚོགས་མི་ཚང་འཛོམས་ཐོག་གྲོས་གཞི་དོན་ཚན་བཅུའི་ཐོག་བཀའ་བསྡུར་གྲོས་ཆོད་བྱུང་ཡོད། ཚོགས་ཐེངས་ཀྱི་ཉིན་དང་པོ་ལྷན་ཚོགས་ཚོགས་མི་རྣམ་པ་དཔལ་ལྡན་སྲིད་སྐྱོང་མཆོག་ཟུར་དུ་མཇལ་བཅར་ཞུས་ཅིང་དཔལ་ལྡན་བཀའ་ཤག་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལས་དོན་ཐོག་བཀའ་བསྡུར་ལམ་སྟོན་གནང་ཡོད་པ་དང་ཕྱི་ཚེས་༡༣ ཉིན་རྒྱབ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་མཇལ་བཅར་ཞུས་ཅིང་ལྷན་ཚོགས་ཀྱི་ལས་དོན་ལས་འཆར་དང་དཀའ་ངལ་ཁག་ཅིག་སྙན་གསན་ཞུས། ཚོགས་འདུའི་མཇུག་སྡོམ་ཚོགས་ཐེངས་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སློབ་སྟོན་པ་ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་གདན་ཞུས་ཀྱིས་ཚོགས་འདུའི་གྲོས་ཆོད་ཁག་སྙན་གསན་ཞུས་པ་དང་སློབ་སྟོན་པ་མཆོག་ནས་ལྷན་ཚོགས་ཀྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས། ཚོགས་འདུ་འཚོག་ཕྱོགས། དེ་བཞིན་བོད་ཀྱི་གསོ་བ་རིག་པ་གཙོས་བོད་ཀྱི་རིག་གནས་ཆེ་བ་དང་ཆུང་བ་རྣམས་མི་ཉམས་དར་སྤེལ་བྱེད་དགོས་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་། དེ་རྗེས་གསར་འགྱུར་བརྒྱུད་ལམ་ནས་ལྷན་ཚོགས་ཀྱི་གལ་ཆེའི་གྲོས་ཆོད་དང་འོང་རྒྱུའི་ཚོགས་ཆེན་དང་ལས་རིམ་ཁག་རྒྱངས་སྲིངས་ཞུས་གནང། ཚོགས་ཐེངས་༢༦ པའི་ཐོག་གལ་ཆེའི་གྲོས་ཆོད་བྱུང་བ་གཤམ་གསལ། ༡། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་ཐོག་གསོ་རིག་སློབ་གཉེར་ཁང་ཐུན་མོང་ནས་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དེ་བཞིན་ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༡༢།༡༣།༡༤ བར་འཚོག་གཏན་འཁེལ། ༢། མ་འོངས་པར་བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ཐོག་ཉམས་ཞིབ་བྱ་རྒྱུའི་ཐད་ཆེད་ལས་མི་སྣ་གསོ་སྐྱོང་དགོས་པས་ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་ནས་ངོས་ལེན་ཡོད་པའི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སློབ་གཉེར་ཁང་ནང་བོད་རིགས་སློབ་མ་གཉིས་ལ་ཞབས་སྟེགས་ཟུར་འཇོག་ཐོབ་པར་བྱ་རྒྱུའི་ལས་འཆར་གཏན་འཁེལ་བྱུང། ༣། རྒྱ་གར་དབུས་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ནས་རོགས་དངུལ་ཞུས་ཐོབ་བཞིན་ལྷན་ཚོགས་ནས་ཕྱི་ལོ་༢༠༡༧ ཟླ་༣ ཚེས་༡༣ ནས་ཚེས་༡༨ བར་ཉིན་དྲུག་རིང་གསོ་རིག་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ཞིག་རྡ་རམ་སཱ་ལཱར་འཚོག་གཏན་འཁེལ་ཡོད། ༤། ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༦།༡༧ ལོར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དང་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང། དེ་བཞིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང་དང་བོད་དང་ཧི་མཱ་ལ་ཡའི་སྔོ་སྦྱོར་བཅས་ལ་རྟོགས་ཞིབ་གནང་གཏན་འཁེལ། ༥། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་གཅིག་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཚོགས་མིར་གཞུང་འབྲེལ་ཐད་བསྐོས་ཡོང་རྒྱུའི་ཆེད་འབྲེལ་ཡོད་ཁག་ཅིག་ནས་རྒྱབ་གཉེར་ཞུས་ཐོག་ལྷན་ཚོགས་ནས་གང་མགྱོགས་རྒྱ་གར་དབུས་སའི་ལས་ཁུངས་ཀྱི་གནད་ཡོད་མི་སྣར་ངོ་བཅར་ཞུ་ཡིག་འབུལ་རྒྱུར་ཐག་གཅོད་བྱུང། ༦། རྒྱ་གར་ཧི་མཱ་ཅལ་མངའ་ཁོངས་རྡ་རམ་སཱ་ལའི་ཨཱ་ཡུ་ཤའི་རྫོང་གི་སྨན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྒེ་བསྟེན་སྨན་ཁང་ཞིག་འདི་ལོའི་ཕྱི་ཟླ་༡༡ ནང་སྒོ་འཛུག་གནང་རྒྱུའི་གཏན་འཁེལ་ཡོད། ༧། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཚད་གནས་རིམ་(རབ་འབྱམས་པ།…

ལྷན་ཚོགས་སྐབས་ལྔ་པའི་ཚོགས་མི་གསར་འདེམས།

ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༥ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་མཆོག་དང། དཔལ་ལྡན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་༸རྒྱལ་བའི་སྐུ་བཅར་སྨན་པ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་མཆོག་དང་འཕྲོད་བསྟེན་དྲུང་འཕར། བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ། ལྷན་ཚོགས་ཀྱི་འོས་བསྡུའི་ཚོགས་ཆུང་གི་ཚོགས་མི།ཚོགས་བཅར་སྨན་པ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་མཛད་སྒོར་མཉམ་བཞུགས་གནང་ཡོད། མཛད་སྒོའི་ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་ནས་མཛད་སྒོའི་ངོ་སྤྲོད་དང་ལྷན་ཚོགས་ཀྱི་འདས་པའི་ལོ་གསུམ་སྟེ་ཕྱི་ལོ་༢༠༡༣།༡༤།༡༥ བཅས་ཀྱི་ལས་བསྡོམས་སྙིང་བསྡུས་བཅས་སྙན་སྒྲོན་ཞུས། (ལས་བསྡོམས་སྙིང་བསྡུས་ཆེད་འདིར་བསྣུན།)       དེ་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ནས་གཡུ་ཐོག་གཟེངས་རྟགས་ཀྱི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས་ལྷན་ཚོགས་ནས་ལྷ་ས་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་དུས་དྲན་དང་ལྷག་པར་བོད་ཕྱི་ནང་གི་སྨན་པ་ཕན་ཚུན་འབྲེལ་བ་དམ་ཚིག་ཡོང་སླད་ད་ལན་གཡུ་ཐོག་གཟེངས་རྟགས་ཐེངས་གསུམ་པ་འདི་བཞིན་ཞིང་གཤེགས་མཁས་དབང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་ལ་འབུལ་རྒྱུའི་གྲོས་ཆོད་བྱུང་དོན་བཞིན་མཛད་སྒོའི་ཐོག་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་སྒྲོག་སྦྱང་ཞུས་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་གཡུ་ཐོག་གཟེངས་རྟགས་འབུལ་གནང་ཡོད། (གཟེངས་རྟགས་འབུལ་ཡུལ་བོད་ནང་གི་མཁས་དབང་ཡིན་པས་འདི་ག་ལྷན་ཚོགས་ནས་འབྲེལ་བརྩད་ཞུས་མཐར་ཁོང་ཉིད་ཀྱི་འཁྲུངས་ཡུལ་ཆབ་མདོ་ཡིན་པར་སོང་རྡ་ས་ས་གནས་ཆབ་མདོ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བསོད་ནམས་དབང་འདུས་ལགས་སྐུ་ཚབ་ཚུལ་གཟེངས་རྟགས་བཞེས་གནང་ཡོད།)       དེ་རྗེས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་མཆོག་ནས་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་གསོ་རིག་སྨན་སྦྱོར་ཁང་གི་གཏན་འཇགས་དེབ་སྐྱེལ་ལག་འཁྱེར་བརྩལ་གནང་བ་དང་།         དེ་རྗེགསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རི་གླིང་དེབ་སྐྱེལ་ལག་འཁྱེར་བཅས་བརྩལ་གནང་མཛད། དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་ནད་བཅོས་སྔོན་འགོག་ཐོག་གཏམ་བཤད་གནང་མཁན་རྣམས་ལ་ལེགས་གསོལ་དང་དེ་ནས་༸རྒྱལ་བའི་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ནས་ལྷན་ཚོགས་ཀྱི་ས་གནས་འབྲེལ་མཐུད་རྣམས་ལ་ཕྱག་འཁྱེར་བརྩལ་གནང་མཛད། དེ་རྗེས་ལྷན་ཚོགས་སྐབས་ལྔ་པའི་འོས་བསྡུའི་ཚོགས་ཆུང་ནས་འོས་བསྡུའི་ལས་རིམ་དང་འོས་འདེམས་བྱུང་བའི་ཚོགས་མི་མཚན་ཐོ་བཅས་གསལ་བསྒྲགས་གནང། གསལ་བསྒྲགས་ནང་དོན་སྐབས་ལྔ་པའི་ཚོགས་མིར་བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་སྨན་པ་རྣམས་ཀྱི་སྐུ་ཚབ་ཚོགས་མིར་༸རྒྱལ་བའི་སྐུ་བཅར་སྨན་རམས་པ་སྤེན་པ་ཚེ་རིང་ལགས་དང་སྨན་པ་ཨོ་ཤོས་བསོད་ནམས་སྒྲོལ་དཀར་ལགས། གསོ་རིག་འབུམ་བཞི་སྐུ་ཚབ་ཚོགས་མི་སྨན་པ་པ་སངས་སྟོབས་ཆེན་ལགས། བོད་མི་མ་ཡིན་པའི་སྐུ་ཚབ་ཚོགས་མི་སྨན་པ་ཚེ་རིང་དཔལ་མོ་དང་སྨན་པ་རིག་འཛིན་དབང་གྲགས། སྒྲིག་ཁོངས་གང་དུ་མེད་པའི་སྨན་པའི་སྐུ་ཚབ་ཚོགས་མིར་སྨན་པ་ཚེ་རིང་མཚམས་གཅོད་བཅས་འོས་བསྡུའི་ལམ་ནས་ཚོགས་མི་དྲུག་དང་དེ་བཞིན་ཐད་བསྐོས་ཚོགས་མི་༸རྒྱལ་བའི་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས། བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི། ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོ་སློབ་ཁང་གི་སློབ་སྤྱི། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་སྡེ་ཚན་འགན་འཛིན། འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་མི་གཅིག་བཅས་སྐབས་ལྔ་པའི་ཚོགས་མི་གསར་པ་རྣམས་ལ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་འཚམས་འདྲིའི་མཇལ་དར་དང་འཕོས་བཞིན་སྐབས་བཞི་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལག་འཁྱེར་བརྩལ་གནང་མཛད། དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བསྟུན་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཨ་ཀྲུག་ཚེ་བརྟན་མཆོག་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རིམ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ལ་སྔ་ཕྱིར་མཐུན་འགྱུར་གནང་ཡོད་པ་དང་མ་འོངས་པར་ཡང་ཚོགས་གཙོ་སྦྲེལ་པོ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཐུན་འགྱུར་གང་དགོས་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་གལ་ཆེན་པོར་རྩི་བཞིན་ཡོད་པ་དང་།…

རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ།

གསལ་བསྒྲགས། འདི་ནས་གསལ་བསྒྲགས་སྔོན་སོང་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་དེ་སྔའི་དུས་ཚེས་ནས་ཕྱིར་འགྱངས་ཀྱིས་ད་ཆ་ཚོགས་ཆེན་འདི་བཞིན་ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༥ ཉིན་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བསྐོང་ཚོགས་གནང་གཏན་འཁེལ་ཡོད། མཁྱེན་ཆུབ་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་ཕྱི་ལོ་༢༠༠༤ ལོར་ཐོག་མར་དབུ་བརྙེས་པ་ནས་བཟུང་ད་བར་ལྷན་ཚོགས་སྐབས་བཞི་བྱུང་ཡོད་པ་དང་ཉེ་བའི་འཆར་ལྷན་ཚོགས་སྐབས་ལྔ་པའི་ཚོགས་མིའི་འོས་བསྡུ་འཇུག་སྒྲིལ་ནས་གོང་གསལ་ཚོགས་ཆེན་ཐོག་ལྷན་ཚོགས་སྐབས་བཞི་པའི་ཚོགས་མིའི་ལས་བསྡོམས་སྙན་སྒྲོན་དང་སྐབས་གསར་པའི་ཚོགས་མི་རྣམས་ལ་འཚམས་འདྲི། དེ་རྗེས་ལྷན་ཚོགས་སྐབས་གསར་རྙིང་གི་ཚོགས་མི་རྣམ་པའི་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་ལགས་ན་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་རང་དོན་རང་གཅེས་ཀྱིས་ངེས་པར་དུ་ཚོགས་འདུར་བཅར་གནང་ཡོང་བ་ཞུ། ཚོགས་ཆེན་སྐབས་ཉིན་དགུང་གསོལ་ཚིགས་ལྷན་ཚོགས་ནས་གྲ་སྒྲིག་ཡོད། དེ་མིན་ལམ་གྲོན་དང་བཞུགས་ཡུལ་སོགས་དོ་བདག་ནས་གྲ་སྒྲིག་གནང་དགོས་པ་བཅས་ཡོངས་ཁྱབ་གསལ་བསྒྲགས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༦ ཟླ་༨ ཚེས་༨ ལ།། སྔ་དྲོའི་མཛད་སྒོའི་མཛད་རིམ། ཕྱག་ཚོད། ༩།༣༠་་ ༩།༣༥་་ ༩།༤༠་་ ༩།༥༥་་ ༡༠།༠༠ ༡༠།༠༥་་ ༡༠།༡༠་་ ༡༠།༡༥་་ ༡༠།༢༠་་ ༡༠།༣༥་་ ༡༠།༤༠་་ ༡༠།༤༥་་ ༡༡།༠༠ ་་ ༡༡།༡༥་་   སྔ་དྲོ། སྐུ་མགྲོན་གཙོ་བོ་མཆོག་ནས་མར་མེ་ཞལ་དབྱེ་དང་སྦྲགས་མཛད་སྒོ་དབུ་འཛུགས། གཡུ་ཐོག་གསོལ་འདེབས་དང་གསོལ་ཇ་འབྲས་སིལ་འདེགས་འབུལ། ཚོགས་གཙོ་ནས་ཚོགས་ཆེན་གྱི་ངོ་སྤྲོད་དང་སྦྲགས་སྐབས་བཞི་པའི་ཚོགས་མིའི་ལས་བསྡོམས་སྙན་སྒྲོན། བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་པའི་གཡུ་ཐོག་གཟེངས་རྟགས་འབུལ་བཞེས་གནང་རྒྱུ། ༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང་དེབ་སྐྱེལ་ལག་འཁྱེར་བསྩལ་རྒྱུ། སྨན་རི་གླིང་གསོ་རིག་འབུམ་བཞིའི་མཐོ་སློབ་དེབ་སྐྱེལ་ལག་འཁྱེར་བསྩལ་རྒྱུ། ལྷན་ཚོགས་ཀྱི་ས་གནས་འབྲེལ་མཐུད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལག་འཁྱེར་བསྩལ་རྒྱུ། ནད་གཞི་སྔོན་འགོག་ཐོག་གཏམ་བཤད་བགྲོ་གླེང་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་འབུལ་རྒྱུ།…

དངོས་གཞིའི་འོས་བསྡུའི་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་ལྔ་པའི་རྒྱུན་ལས་ཀྱི་དངོས་གཞིའི་འོས་བསྡུའི་གསལ་བསྒྲགས། འོས་བསྡུ་ཚོགས་ཆུང་གི་གསལ་བསྒྲགས་འདིར་བསྣུན་ནས་གཟིགས་ཀློག་གནང་རོགས། ཕྱི་ལོ་༢༠༡༦ཟླ་༥ཚེས་༡༢ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུ་ཚོགས་ཆུང་ནས་བོད་ཀྱི་དུས་བབ་དྲྭ་རྒྱ་དང་།གསར་ཤོགལྷན་ཚོགས་ཀྱི་དྲྭ་རྒྱ་དང་ངོ་དེབ།གཞན་ཡང་སྨན་པ་དོ་བདག་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་བརྒྱུད་འོས་བསྡུའི་གསལ་བསྒྲགས་དང་།སྨན་པའི་མཚན་གཞུང་བཅས་ཟུར་བསྲིངས་ལྟར།བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུའི་སྒྲིག་གཞི་དོན་ཚན་བཅུ་གཅིག་པའི་ནང་གསེས་༼ཉ༽ནང་འཁོད་བཞིན།ཕྱི་ལོ་༢༠༡༦ཟླ་༦ཚེས་༡༣ཉིན་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་གསུམ་ལྷན་འཛོམས་ཐོག་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཞུས་པར།༡༽བོད་ཀྱི་སྨན་རྩིས་ཁང་སྒྲིག་ཁོངས་ཚོགས་མི་བཞི་དང་།༢༽སྒྲིག་ཁོངས་གང་དུ་ཡང་མེད་པའི་བོད་པའི་སྨན་པའི་ཁོངས་ཀྱི་ཚོགས་མི་གཉིས།༣༽བོད་མི་མ་ཡིན་པའི་སྨན་པའི་ཁོངས་ཚོགས་མི་བཞི།༤༽གསོ་རིག་འབུམ་བཞིའི་རྒྱུན་འཛིན་སྨན་པ་གཉིས་བཅས་སྔོན་འགྲོའི་འོས་ཐོབ་བྱུང་པའི་སྨན་པ་རྣམས་ཀྱི་མཚན་གཞུང་གཤམ་དུ་ཟུར་བཀོད་ཞུས་ཡོད། དངོས་གཞིའི་འོས་བསྡུ་སྐབས་ཐུགས་སྣང་དགོས་པ།༡།བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་སྨན་པ་རྣམས་ནས་འོས་མི་གཉིས་དང་།༢།སྒྲིག་ཁོངས་གང་དུ་མེད་པའི་བོད་པའི་སྨན་པ་རྣམས་ནས་འོས་མི་གཅིག༣།བོད་མི་མ་ཡིན་པའི་སྨན་པ་རྣམས་ནས་འོས་མི་གཉིས།༤།གསོ་རིག་འབུམ་བཞིའི་རྒྱུན་འཛིན་སྨན་པ་རྣམས་ནས་འོས་མི་གཅིག་བཅས་ལ་འོས་འཕེན་དགོས་པ་དང་།དངོས་གཞི་འོས་འཕེན་སྐབས་འོས་མིའི་མཚན་དང་།དེབ་སྐྱེལ་ཨང་གྲངས།འོས་འཕེན་པ་རང་ཉིད་ཀྱི་དེབ་སྐྱེལ་ཨང་གྲངས་བཅས་གསལ་བཀོད་ཐོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ནས་དངོས་གཞིའི་འོས་བསྡུ་ཕྱི་ལོ་༢༠༡༦ཟླ་༦ཚེས་༡༧ནས་ཕྱི་ལོ་༢༠༡༦ཟླ་༧ཚེས་༡ནང་ཚུད་འོས་འཕེན་དགོས། འོས་ཤོག་གམ་འོས་གཏོང་ཡུལ་ཁ་བྱང་གཤམ་གསལ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུ་ཚོགས་ཆུང་གི་གློག་འཕྲིན་ཁ་བྱང་cctmelection2016@gmail.com ཡང་ན་མྱུར་འཕྲིན་ཨང་(Fax: 01892-226462)གང་རུང་བརྒྱུད་ངེས་པར་འོས་འཕེན་གནང་དགོས་གལ་ཆེའི་གསལ་བསྒྲགས་སུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུ་ཚོགས་ཆུང་ནས་ཕྱི་ལོ་༢༠༡༦ཟླ་༦ཚེས་༡༥ལ།། ཀ  བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་དངོས་གཞི་འོས་མི། ༡།  སྐུ་བཅར་སྨན་པ་སྤེན་པ་ཚེ་རིང་།  CCTM/QMP/3072/06 ༢།  སྨན་པ་ཚུལ་ཁྲིམས་སྐལ་བཟང་།  CCTM/QMP/3143/06 ༣།  སྨན་པ་བསོད་ནམས་སྒྲོལ་དཀར་ཨོ་ཤོ།  CCTM/QMP/3322/08 ༤།  སྨན་པ་རྡོ་རྗེ་རབ་བརྟན།  CCTM/QMP/3183/06 བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༦།༡།ཁ པའི་དགོངས་དོན་བོད་ཀྱི་སྨན་རྩིས་ཁང་སྒྲིག་ཁོངས་ནས་གོང་གསལ་སྨན་པ་བཞི་དངོས་གཞིར་འོས་འདེམས་བྱུང་ཡོད་པས་ཁྲིམས་སྒྲིག་དགོངས་དོན་གོང་གསལ་འོས་མི་བཞི་ནས་འོས་མི་གཉིས་ལ་འོས་འཕེན་དགོས་པ་ཡིན། ཁ།  སྒྲིག་ཁོངས་གང་དུ་ཡང་མེད་པའི་དངོས་གཞི་འོས་མི། ༡།  སྨན་པ་ཚེ་རིང་མཚམས་གཅོད།  CCTM/QMP/3080/06 ༢།  སྨན་པ་རྣམ་རྒྱལ་ཁྱུ་གསར།  CCTM/QMP/3069/06 བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༦།༡།ག(༤) པའི་དགོངས་དོན་སྒྲིག་ཁོངས་གང་དུ་མེད་པའི་སྨན་པའི་ཁོངས་ནས་གོང་གསལ་སྨན་པ་གཉིས་དངོས་གཞིར་འོས་འདེམས་བྱུང་ཡོད་པས་ཁྲིམས་སྒྲིག་དགོངས་དོན་གོང་གསལ་འོས་མི་གཉིས་ནས་འོས་མི་གཅིག་ལ་འོས་འཕེན་དགོས་པ་ཡིན། ག  བོད་མི་མ་ཡིན་པའི་དངོས་གཞི་འོས་མི། ༡།  སྨན་པ་ཐུབ་བསྟན་ཐབས་མཁས།  CCTM/RMP/3115/06 ༢།  སྨན་པ་དྲི་མེད་དགའ་འབྲུག…

སྔོན་འགྲོའི་འོས་བསྡུའི་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་ལྔ་པའི་ཚོགས་མིའི་འོས་བསྡུའི་གསལ་བསྒྲགས། ༡།         རྒྱབ་ལྗོངས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་བཞིན་ཐོག་མར་ཕྱི་ལོ་༢༠༠༤ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༨པའི་འོག་བོད་ཀྱི་གསོ་བ་རིག་པའི་སྨན་པ་དང་།སྨན་སྦྱོར་ལག་ལེན་སོགས་གཞུང་མཐུན་ཚད་ལྡན་ཡོང་ཆེདབཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་ཀྱིས་ལྷན་ཚོགས་འདི་ཆེད་འཛུགས་གནང་བ་ཞིག་ཡིན། ལྷན་ཚོགས་འདིའི་འོག་ད་བར་སྨན་པ་གྲངས་༤༥༨གསོ་བ་རིག་པའི་སློབ་གཉེར་ཁང་གྲངས་༥གསོ་བ་རིག་པའི་སྨན་སྦྱོར་ཁང་གྲངས་༥བཅས་ཁྲིམས་མཐུན་ངོས་ལེན་དེབ་སྐྱེལ་ཞུས་ཟིན་ཡོད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་བརྒྱད་པའི་དགོངས་དོན་བཞིན་ལྷན་ཚོགས་ཀྱི་ཚོགས་ མིའི་ལས་འཁུར་ཡུན་ཚད་ལོ་ལྔ་ཡིན་རུང་།བོད་མི་དམངས་སྤྱི་འཐུས་སྐབས་༡༥པའི་གྲོས་ཚོགས་ཚོགས་དུས་༡༡ཐོག་ལས་འཁུར་ཡུན་ཚད་ལོ་གསུམ་རེ་ཁྲིམས་ཡིག་དོན་ཚན་དྲུག་པ་ཚོགས་མིའི་ཡོང་ཁུངས་ཐོག་བསྐྱར་བཅོས་ གཏན་འབེབས་ཟིན་པ་བཞིན།ད་ཡོད་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བཞི་པའི་ཚོགས་མིའི་ལས་འཁུར་ཡུན་ཚད་ལོ་གསུམ་གཙང་ཟིན་པས།སྐབས་ལྔ་པའི་ཚོགས་མི་འོས་འདེམས་བྱ་དུས་གཏུགས་ལ་བརྟེན་ལྷན་ཚོགས་འདིའི་འོག་དེབ་སྐྱེལ་ཡོད་པའི་སྨན་པ་ཡོངས་ནས་འོས་བསྡུའི་ལས་རིམ་གལ་ཆེ་དོན་ཆེར་རྩིས་ནས་གཤམ་འཁོད་དུས་བཀག་ནང་ཚུད་ངེས་པར་དུ་འོས་འཕེན་གནང་གལ་ཆེ། ༢།       ཚོགས་མིའི་ཡོངས་ཁུངས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དྲུག་པའི་དགོངས་དོན་བཞིན། ཀ༽༸གོང་ས་༸སྐྱབས་མགོན་ཆེན་པོའི་བོད་ཀྱི་གསོ་བ་རིག་པའི་སྐུའི་བླ་སྨན་པ་བགྲེས་པའམ་བླ་སྨན་ཞབས་ཞུ་བ་བགྲེས་པ། ཁ༽       བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་ཚོགས་མི། ༤ བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་དང་། སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་སྨན་པ་ཡིན་ཚེ་སྨོས་མེད་ཐོག གཞན་གཉིས་སྨན་རྩིས་ཁང་ཁྱབ་ཁོངས་སྨན་པ་རྣམས་ཀྱིས་འོས་འདེམས་བྱེད་དགོས། ག༽       གཞན་ཡོང་ཁུངས་ནས་ཚོགས་མི། ༤ ༡།         ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོ་སློབ་ཀྱི་སློབ་སྤྱི། ༡ ༢།         ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་སྡེ་ཚན་གྱི་འགན་འཛིན། ༡ ༣།       གསོ་རིག་འབུམ་བཞིའི་རྒྱུན་འཛིན་སྨན་པ་རྣམས་ཀྱིས་འོས་འདེམས་བྱས་པའི་སྨན་པ། ༡ ༤།        སྒྲིག་ཁོངས་གང་དུ་ཡང་མེད་པའི་སྨན་པ་རྣམས་ཀྱིས་འོས་འདེམས་བྱས་པའི་སྨན་པའི་སྐུ་ཚབ། ༡ ང༽     ཕྱི་ལུགས་ཀྱི་སྨན་པ་གཅིག་འཕྲོད་བསྟེན་ལས་ཁུངས་ནས་དམིགས་འཛུགས་བྱ་རྒྱུ། ཅ༽     གསོ་རིག་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་བོད་མི་མ་ཡིན་པའི་སྨན་པ་རྣམས་ནས་རང་ཁོངས་འོས་འདེམས་བྱས་པའི་སྨན་པ། ༢ ཚོགས་མིའི་འོས་ཆོས། ༡།      …

རྩིས་པ་གསར་བསྡུའི་ཡིག་རྒྱུགས་གྲུབ་འབྲས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་ལས་བྱེད་རྩིས་པ་གཅིག་གསར་བསྡུས་གནང་བའི་ཡིག་རྒྱུགས་གྲུབ་འབྲས་གཤམ་གསལ།།    

ཡོངས་གསལ།།

༄༅། །རྒྱ་ཆེ་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་འཚོ་བྱེད་སྨན་པ་ཡོངས་ལ། ཆེད་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་ཚོགས་ཐེངས་༢༥ པ་དེ་བཞིན་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༨།༢༩།༣༠ ཉིན་གསུམ་རིང་བསྐོང་འཚོགས་གནང་ཡོད་ཅིང་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་གོ་རྟོགས་སྔར་ལྷག་ཤུགས་ཆེ་སྤེལ་རྒྱུའི་གྲོས་ཆོད་བྱུང་དོན་བཞིན་ད་ཉིན་ཕྱི་ལོ་༢༠༡༦ ཟླ་༤ ཚེས་༧ ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་འཁེལ་བཞིན་པའི་དུས་ཚིགས་འདི་སྟབས་བསྟུན་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་སྨན་པ་ཡོངས་ལ་ཉམས་ཐག་ནད་པ་གཙོ་བོར་འགྱུར་བའི་མི་མང་ལ་རྒྱུན་དུ་ཟས་སྤྱོད་འཕྲོད་པར་བསྟེན་ཚུལ་གྱི་སློབ་གསོ་ལམ་སྟོན་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ། ཉེ་སྔོན་ཟླ་༣ ཚེས་༢༣ ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཐད་འཐུས་ཤོར་འགྲོ་ཡི་ཡོད་པའི་བཀའ་སློབ་ (བོད་ཀྱི་སྨན་རྩིས་ཁང་ནས་ད་ལྟ་བར་དུ་བྱས་རྗེས་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད་རེད། ད་དུང་ང་ཚོ་གཞིས་ཆགས་ཁག་ཏུ་ཕྱིན་པའི་སྐབས་སུ་མི་ནད་པ་མང་པོ་ཞིག་འདུག་ག སྔོན་འགོག་བྱེད་རྒྱུར་འཐུས་ཤོར་འགྲོ་ཡོད་པའི་རྟགས་གསལ་པོ་འདུག འཕྲོད་བསྟེན་ལས་ཁུངས་ངོས་ནས་འཐུས་ཤོར་ཞེ་བོ་ཕྱིན་པའི་བཟོ་འདྲ་འདུག སྨན་རྩིས་ཁང་བོད་སྨན་གྱི་སྡེ་ཚན་ཁོངས་ནས་འཐུས་ཤོར་ཕྱིན་པའི་བཟོ་བལྟ་འདུག ང་ཚོ་འདིར་འདྲ་ཆགས་པོ་རེ་བྱས། རྒྱས་རྒྱས་སྤྲོད་སྤྲོད་རེ་བྱས། ངོ་ཐོག་ས་གནས་ས་ཐོག་ལ་ནད་པ། དབུལ་ཕོངས། སྐྱབས་མེད་མགོན་མེད་ལྷག་པ་དེ་ང་ཚོ་རྒྱབ་མདུན་ངོ་ལྐོག་མ་མཚུངས་པ་རེད། མདུན་ལ་འདྲ་ཆག་པོ་རེ་བྱས། རྒྱབ་ལ་འཐུས་ཤོར་ཕྱིན་པ་ཡིན་ན་ང་ཚོ་གཟི་བརྗིད་ཁོག་སྟོང་ཟེར་མཁན་དེ་ཆགས་པ་རེད། ) ཅེས་བཀའ་སློབ་ཕེབས་གསལ་ནད་གཞི་སྔོན་འགོག་ཐད་ བོད་ཀྱི་གསོ་བ་རིག་པའི་སྨན་པ་ཞིག་ཡིན་པའི་ཆ་ནས་ནད་པའི་ཚེ་སྲོག་སྐྱོབ་རྒྱུ་དང་ལྷག་པར་མི་མང་གི་འཕྲོད་བསྟེན་བདེ་རྩར་ཟས་སྤྱོད་སློབ་སྟོན་དང་རྒྱུན་དུ་གཙང་འཕྲོད་སློབ་གསོ་ལམ་སྟོན་གནང་རྒྱུའི་འགན་ཞིག་ཡོད་པས་ད་ཉིན་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་རྩི་དང་འབྲེལ་གསོ་བ་རིག་པའི་སྨན་པ་ཡོངས་ལ་ནད་མནར་ནད་པ་གཙོས་མི་མང་གི་འཕྲོད་བསྟེན་ཐོག་ད་བར་སློབ་གསོ་ལམ་སྟོན་གནང་བཞིན་ཡོད་ཀྱང་ད་དུང་མི་རིགས་ཀྱི་བདེ་རྩ་དང་མི་མང་གི་ཞབས་འདེགས་ཆེད་རང་འཁྲིད་ལས་འགན་གྱི་ཆ་ཤས་འདིའི་ཐོག་སྔར་ལྷག་འབད་སྤུང་གནང་སྐྱོང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༦ ཟླ་༤ ཚེས་༧ ལ་ཕུལ།། http://tibmedcouncil.org/wp-content/uploads/2016/04/2-yongsel.jpg

ལྷན་ཚོགས་ཚོགས་ཐེངས་༢༥ བསྐོང་ཚོགས་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་ཚོགས་ཐེངས་༢༥ པ་དེ་བཞིན་རྡ་ས་བོད་ཀྱི་གསོལ་མགྲོན་ཚོགས་ཁང་ནང་བསྐོང་ཚོགས་གནང་ཡོད། ཚོགས་འདུ་དབུ་འཛུགས་མ་ཞུས་གོང་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་ནས་དགའ་བསུའི་འཚམས་འདྲི་དང་དང་ཚོགས་འདུའི་ངོ་སྤྲོད་ཞུས་གནང་། དེ་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ནས་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༥ ལོའི་ལོ་འཁོར་ལས་བསྡོམས་དང་རྩིས་ཕྲ་བཅས་སྒྲོག་སྦྱང་ཞུས་རྗེས་ཚོགས་འདུ་དངོས་གཞི་སྒོ་འཛུགས་གནང་ཡོད། ཚོགས་ཐེངས་འདིར་བོད་ཀྱི་གསོ་བ་རིག་པའི་ཁྲིམས་སྒྲིག་ལས་དོན་འབྲེལ་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ངོས་ལེན་དེབ་སྐྱེལ་དང་དེ་བཞིན་༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང་དེབ་སྐྱེལ་འཕར་འགྱངས། གཞན་ཡང་ཉེ་བའི་འཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲོད་བསྟེན་ཐོག་འཐུས་ཤོར་འགྲོ་ཐད་བཀའ་སློབ་ལམ་སྟོན་གནང་བར་བདོ་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ལས་དོན་བྱ་སྒོ་སྤེལ་འཆར། དེ་བཞིན་ཕྱི་ལོ་༢༠༡༧ ལོར་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས། གསོ་བ་རིག་པའི་གཟེངས་ཐོན་མི་སྣར་གནང་རྒྱུའི་གཡུ་ཐོག་གཟེངས་རྟགས། གཞན་ཡང་ལྷན་ཚོགས་འདི་མུ་མཐུད་རྒྱུན་གནས་ཡོང་བར་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་གནས་ཡོད་པའི་ཚོགས་མི་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཚོགས་མིར་གཞུང་འབྲེལ་བསྐོ་གཞག་ཡོང་རྒྱུ་བཅས་ལ་སྤྱི་མོས་གྲོས་ཆོད་བྱུང་ཡོད། ད་ལན་ཚོགས་འདུ་འདིའི་ཐོག་ལྷན་ཚོགས་ཀྱི་འོས་བསྡུའི་སྒྲིག་གཞི་དོན་ཚན་༡༡།ཁ ༡༡།ག ༡༡།ཅ བཅས་ལའང་སྤྱི་མོས་ཀྱིས་བསྐྱར་བཅོས་གཏན་འབེབས་གནང་ཡོད། ཚོགས་འདུའི་མཇུག་སྡོམ་མཛད་སྒོ་སྟབས་བདེ་ཚོགས་པའི་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སློབ་སྟོན་ཚོགས་མི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལས་ཐོག་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་གདན་ཞུས་ཀྱིས་ལམ་སྟོན་བཀའ་སློབ་གནང་བ་དང་ལྷན་ཚོགས་ཚོགས་གཞོན་སྨན་པ་ཐོགས་མེད་ལགས་ཀྱིས་ལྷན་ཚོགས་ཀྱི་ལས་དོན་ཆེ་ཕྲར་དངོས་ཤུགས་རྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཆེ་ཞུས་པ་དང་སྦྲགས་ཉིན་གསུམ་གྱི་ལྷན་ཚོགས་ལེགས་པར་མཇུག་སྒྲིལ་ཡོད། ད་ལན་ཚོགས་ཐེངས་༢༥ པར་ལྷན་ཚོགས་འཛིན་སྐྱོང་ཚོགས་མི་སྨན་དགེ་རག་རྡོ་བློ་བཟང་བསྟན་འཛིན་ལགས་གཞུང་འབྲེལ་ལས་དོན་གཞན་ཞིག་རྐྱེན་ཚོགས་བཅར་ཐུབ་མེད་པ་ལས་ཚོགས་མི་གཞན་རྣམས་ཚོགས་བཅར་ཞུས་ཐུབ་ཡོད།།