Central Council of Tibetan Medicine

གསར་གནས།

ཡིད་སྐྱོའི་གནས་ཚུལ།

ད་ཉིན་བོད་རྒྱལ་ལོ་༢༡༤༦ རབ་གནས་ས་ཕག་ལོའི་དབྱུག་ཟླ་བའི་ཚེས་༣༠ སྤྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༦ སྔ་དྲོའི་ཆུ་ཚོད་༢།༥༣ ཐོག་༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་ཀྱི་གསོ་བ་རིག་པའི་རྗེས་འཛིན་སྨན་པ་ཡོངས་ནས་མྱ་ངན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུ། དམ་པ་མཆོག་སྐུ་ཉིད་ནམ་ཡང་བསླུ་བ་མེད་པའི་མཆོག་གསུམ་ཐུགས་རྗེའི་སྟོབས་ཀྱིས་མཐར་ཐུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པ་དང་གནས་སྐབས་བདེ་འགྲོ་ལྷ་མི་དང་ཡང་སྒོས་དལ་འབྱོར་མི་ལུས་རིན་ཆེན་བདེ་བླག་ཏུ་རྙེད་ཅིང་དམ་པ་ཁོང་གིས་རྟག་ཏུ་སྙིང་གི་ཞེན་དོན་གསོ་བ་རིག་པའི་སྒོ་ནས་འགྲོ་དོན་བསྐྱངས་པའི་མཛད་པ་འདི་ཉིད་རྣམ་བྱང་ས་ཡི་བར་དུ་འགྲུབ་པའི་གསོལ་འདེབས་དང་། འགྲོ་བ་ནད་པའི་མགོན་སྐྱབས་དམ་པར་མྱུར་དུ་འབྱོན་པའི་སྨོན་ལམ་ཞུ་བ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༦ ལ།། ༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་གི་སྐུ་ཚེ་ལོ་རྒྱུས་སྙིང་བསྡུས། ༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཕྱི་ལོ་༡༩༢༧ ཟླ་༥ ཚེས་༡༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ངོས་སུ་ཆགས་པའི་ལྷོ་ཁ་ཡར་འབྲོག་སྣ་དཀར་རྩེ་རྫོང་ཁོངས་ལྷུན་པོ་གཞོལ་གྲོང་ཚོའི་ཁང་གསར་གོང་མ་ཞེས་པར་རྔོག་ཆོས་སྐུ་རྡོ་རྗེ་དང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གཉིས་ཀྱི་གདུང་བརྒྱུད་ལས་མཆེད་པའི་ཁྱིམ་བརྒྱུད་ཆེན་པོ་ཞིག་ཏུ་ཡབ་བཀྲ་ཤིས་ཚེ་རིང་དང་ཡུམ་མེ་ཏོག་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་དྲུག་ཙམ་ནས་སློབ་གཉེར་གསན་མགོ་གནང་བ་དང་། དགུང་ལོ་༡༢ ཐོག་ལྷན་ལྡན་སྨན་རྩིས་ཁང་ཁང་དུ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་༸སྐུའི་བླ་སྨན་མཁས་དབང་མཁྱེན་རབ་ནོར་བུ་སོགས་བསྟེན་ནས་སྨན་རྩིས་རིག་གནས་མཐའ་དག་ལ་སྦྱང་བརྩོན་གནང་ནས་དགུང་ལོ་ཉི་ཤུའི་ཐོག་བསླབ་པ་མཐར་ཕྱིན་མཛད། ཕྱི་ལོ་༡༩༤༧ལོར་སློབ་མཐར་སོན་རྗེས་བོད་ལྷོ་ཁ་ལྷོ་བྲག་ཁུལ་དུ་སྨན་པའི་ཕྱག་ལས་ཐོག་མ་གནང། དེ་ཚེ་ལྷོ་ཁ་ཁུལ་དུ་བཅོས་དཀའི་ནད་ཡམས་ཤུགས་ཆེ་ཁྱབ་ནས་རིམས་ནད་ཀྱིས་འཆི་རྐྱེན་མང་པོ་བྱུང་བར་བརྟེན་རང་རིག་ རྩལ་བཏོན་གྱི་སྨན་གསར་བཟོ་མཛད་དེ་ནད་པ་མང་པོར་སྨན་བཅོས་གནང་བར་ཕན་འབྲས་བཟང་པོ་ཐོབ་ནས་སྨན་པ་མཁས་པའི་མཚན་སྙན་རྒྱ་ཆེར་ཁྱབ། ཕྱི་ལོ་༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཕྱི་ལོ་༡༩༦༡ ལོར་བཞུགས་སྒར་རྡ་རམ་སཱ་ལཱར་བོད་གཞུང་སྨན་རྩིས་ཁང་ཐོག་མར་གསར་འཛུགས་བསྐྱངས་པ་དང་སྦྲགས། སྨན་རྩིས་ཁང་གི་བརྟག་དཔྱད་སྨན་པའི་ཐུགས་འགན་བཞེས་ཏེ། སྨན་སྦྱིན་ཁང་ཞེས་པའི་སྨན་དགེ་དང་འགན་འཛིན་གཅིག་ལྕོག་མཛད། དེ་རྗེས་༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་༸སྐུའི་བླ་སྨན་མཛད་པར་མ་ཟད། ༸རྒྱལ་བའི་ཡོངས་འཛིན་རྣམ་གཉིས་དང་རྒྱལ་ཡུམ་ཆེན་མོ་སོགས་ལའང་བརྟག་དཔྱད་སྨན་བཅོས་ཀྱི་ཞབས་ཞུ་མཛད་པ་དང་། འབྲེལ་ཡོད་རྒྱ་གར་གྱི་ས་གནས་དཔོན་རིགས་ཁག་དང་ལྷག་པར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ལྕམ་སྐུ་ཨིན་དར་གྷན་དྷི་སོགས་ལ་བརྟག་དཔྱད་སྨན་བཅོས་མཛད་དེ་བླ་སྨན་པའི་མཚན་སྙན་རྒྱ་ཆེར་ཁྱབ་སྟེ་སྨན་རྩིས་ཁང་ཡར་རྒྱས་གོང་འཕེལ་གཏོང་ཐུབ་པ་བྱུང་ཡོད། ཕྱི་ལོ་༡༩༦༧ ལོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སི་པན་རྒྱལ་ཁབ་ཁག་༧༥ འཐུས་མི་ལྷན་འཛོམས་ཀྱི་སྲོལ་རྒྱུན་སྨན་གྱི་ཚོགས་འདུའི་ཐོག་ཆེད་ཕེབས་གནང་སྟེ། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ངོ་སྤྲོད་སོགས་ཀྱི་གསུང་བཤད་དང། ནད་པར་བརྟག་དཔྱད་སྨན་བཅོས་གནང་བར་རྒྱལ་ཁབ་དེའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། ལྷག་པར་སི་པན་རྒྱལ་པོ་སྐུ་འཁོར་བཅས་པར་བརྟག་དཔྱད་སྨན་བཅོས་གནང་བ་མ་ཟད། ཁུལ་དེར་ བོད་ཀྱི་རྒྱལ་དར་ཐོག་མ་བསྒྲེངས་འཛུགས་ཀྱིས་བོད་དོན་ཁྱབ་སྤེལ་རྒྱ་ཆེར་གནང་། སྤྱི་ལོ་༡༩༦༩…

ལྷན་ཚོགས་ཚོགས་ཐེངས་༣༢ པ་བསྐོང་ཚོགས།

ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༤ ་་་ ༨ བར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༣༢ པ་དེ་བསྐོང་ཚོགས་གནང་ཡོད། ཚོགས་ཐེངས་འདི་ནི་སྐབས་དྲུག་པའི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད། ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༡༥ ཉིན་ལྷན་ཚོགས་ཀྱི་སྐབས་དྲུག་པའི་འོས་བསྡུའི་ཚོགས་ཆུང་ནས་ལྷན་ཚོགས་སྐབས་དྲུག་པའི་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་འོས་འདེམས་ཀྱིས་སྒྲིག་གཞི་དགོངས་དོན་འོས་བསྡུའི་ཡིག་ཆ་ཆ་ཚང་ལྷན་ཚོགས་སུ་ཕུལ་གནང་། ལྷན་ཚོགས་སྐབས་དྲུག་པའི་ཚོགས་མི་གཤམ་གསལ། བསྐོས་གཞག་ཚོགས་མི། ཚོགས་མི། ༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན། ཚོགས་མི། སྨན་པ་བསྟན་འཛིན་ནོར་བཟང་། ༼འཕྲོད་བསྟེན་ལས་ཁུངས་ནས་དམིགས་འཛུགས་གནང་བའི་ཕྱི་ལུགས་སྨན་པ།༽ མཐོ་སློབ་སྐུ་ཚབ་ཚོགས་མི། ཚོགས་མི། སྨན་རམས་པ་བསྟན་པ་ཆོས་འཕེལ། ཚོགས་མི། སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན། ཚོགས་མི། སྨན་རམས་པ་འཕྲིན་ལས་གཡང་འབྱོར། ཚོགས་མི། སྨན་པ་བྱམས་པ་མཁས་གྲུབ། འོས་འདེམས་ཚོགས་མི། ཚོགས་གཙོ། སྨན་པ་ཚེ་རིང་མཚམས་གཅོད། ཚོགས་གཞོན། སྨན་རམས་པ་ཆོས་ལོ་ཐར། དྲུང་ཆེ། སྨན་རམས་པ་ངག་དབང་སྦྱིན་པ། ཚོགས་མི། སྨན་པ་ཐོགས་མེད། ཚོག་སམི། སྨན་རམས་པ་རྣམ་རྒྱལ་ཁྱུ་གསར། ཚོགས་མི།…

༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ལ་གཡུ་ཐོག་གཟེངས་རྟགས་ཕུལ་བཞེས་གནང་བ།

༄༅། །གཡུ་ཐོག་གཟེངས་རྟགས་འདི་བཞིན་ཐོག་མར་བོད་རབ་བྱུང་བཅུ་བདུན་པའི་ས་གླང་ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་༼བོད་ཀྱི་གསོ་བ་རིག་པའི་གཟེངས་ཐོན་མི་སྣར་འབུལ་རྒྱུའི་གཡུ་ཐོག་གཟེངས་རྟགས་ཀྱི་སྒྲིག་གཞི་༽ཞེས་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཟུར་དུ་གཏན་ འབེབས་ཀྱིས་ལག་བསྟར་མགོ་གཙུགས་གནང་བ་ཞིག་ཡིན། གཟེངས་རྟགས་འདི་ཉིད་འབུལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐོག་དམིགས་བསལ་ཧུར་བརྩོན་དང་ལྷག་བློ་ཆེ་བསྐྱེད་ཀྱིས་བྱས་རྗེས་རྩེ་ཕུད་ཐོན་མཁན་རྣམས་ངོས་འཛིན་དང་གཟེངས་བསྟོད་བྱ་རྒྱུའི་ཆེད་དུ་ཡིན་པས། དུས་ཡུན་ལོ་གསུམ་རེའི་མཚམས་སུ་གཟེངས་རྟགས་ཐེངས་རེ་འབུལ་དགོས་པ་ཡིན། གཡུ་ཐོག་གཟེངས་རྟགས་ཀྱི་འོས་འདེམས་བྱེད་ཕྱོགས་ནི། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཚོགས་མི་ལྔ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཟུར་འཛུགས་གནང་རྗེས་ཚོགས་ཆུང་དེས་འོས་ཆོས་ཚང་བའི་འོས་གཞི་གྲངས་གསུམ་ནས་ལྔ་བར་འདེམས་སྒྲུག་གནང་སྟེ་འོས་གཞི་དེ་དག་གི་ལོ་རྒྱུས་དང་རྒྱབ་གཉེར་སྙན་ཐོ་བཅས་ལྷན་ཚོགས་སུ་འབུལ་དགོས་པ་དང་། འདེམས་སྒྲུག་ཚོགས་ཆུང་གིས་ཕུལ་བའི་འོས་གཞི་དང་རྒྱབ་གཉེར་སྙན་ཐོ་བཅས་ལ་སླར་གསོ་རིག་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་གྲོས་བསྡུར་གནང་རྗེས་སྤྱི་མོས་སམ་མང་མོས་ཀྱིས་འོས་འདེམས་བྱ་དགོས་པ་ཡིན། ཐེངས་འདིའི་གཡུ་ཐོག་གཟེངས་རྟགས་ཀྱི་འོས་གཞིར་སྨན་པ་བཞི་ཡོད་པ་ལས་༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ལ་སྤྱི་མོས་ཀྱིས་གཟེངས་རྟགས་འབུལ་རྒྱུར་ཐག་གཅོད་བྱུང་ཡོད། ༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་གི་ལོ་རྒྱུས་མདོར་བསྡུས། ༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ནི་བོད་ཀྱི་སྟོད་དིང་རི་ཡུལ་ན་སྐུ་འཁྲུངས་ཤིང་ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་ གྱུར་བྱུང་ནས་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས། ཕྱི་ལོ་༡༩༦༣ ནས་ཕྱི་ལོ་༡༩༧༢བར་རྒྱ་གར་བྱང་ཕྱོགས་ཌལ་ཧོར་གཏན་ སློབ་ནས་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཐོན། དེ་རྗེས་བོད་ཀྱི་སྨན་རྩིས་ཁང་དུ་འཛུལ་བཞུགས་ཀྱིས་སྨན་རྩིས་སློབ་སྦྱོང་ཐར་ཕྱིན་བསླབ་ནས་ལོ་གཅིག་ལྷག་སྨན་པ་བཀྲ་ཤིས་རྒྱལ་མཚན་དྲུང་ནས་ཉམས་གསོག་གནང་རྗེས་ཕྱི་ལོ་༡༩༧༨ ལོར་སྨན་པ་དཀའ་བཅུ་པའི་སློབ་ཐར་སོན། དེ་རྗེས་སྦེལ་ཀོབ་ཡན་ལག་སྨན་ཁང་དུ་ཐོག་བརྟག་དཔྱད་སྨན་པ་གནང་བ་དང་དེ་ནས་ལྡི་ལི་ ནི་ཛཱ་མུ་དྷིན་ཡན་ལག་སྨན་ཁང་དུ་ལོ་༡༨ རིང་བརྟག་དཔྱད་སྨན་པའི་ཕྱག་ལས་གནང། དེ་ནས་ཕྱི་ལོ་༡༩༨༧ དང་ ༡༩༩༩ ལོར་སྨན་རམས་པ་ཆུང་བ་དང་འབྲིང་བའི་ལག་འཁྱེར་བཞེས། ཕྱི་ལོ་༢༠༠༡ ནས་༢༠༠༤ བར་བོད་ཀྱི་སྨན་རྩིས་ཁང་གི་སྨན་ སྦྱོར་འགན་འཛིན་གནང། སྐབས་དེ་དུས་༸གོང་ས་མཆོག་གི་སྐུ་བཅར་སྨན་པའི་ལས་གནད་ཐོག་བསྐོ་བཞག་མཛད་ནས་ད་བར་གནང་མུས་དང་། གཞན་ཡང་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱིའི་ལས་འཁུར་ཞུས་ཡོད་པ་དང། དེ་བཞིན་བོད་ ཀྱི་སྨན་རྩིས་ཁང་གི་འགན་འཛིན་གཞོན་པ་དང་འགན་འཛིན་གྱི་ཕྱག་ལས་ཀྱང་གནང་ཡོད། ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་ གི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་གཞོན་དང་གསོ་རིག་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་ལས་འཁུར་གནང་བཞིན་པ་མ་ཟད་ཉིན་ལྟར་ཞོགས་པ་ཆུ་ཆོད་༥ ནས་ཉིན་དགུང་ཆུ་ཚོད་༡བར་ནད་པ་བརྟག་དཔྱད་གནང་བཞིན་ཡོད་པ་དང། འདས་པའི་ལས་ཡུན་རིང་ཕྱི་རྒྱལ་དང་རྒྱ་གར་གྱི་ཡུལ་གྲུ་ཁག་ཏུ་སྨན་གྱི་ཚོགས་ཆེན་ནང་གཏམ་བཤད་དང་སྨན་སྐོར་ཆེད་བསྐྱོད་ཀྱིས་ཁྱོན་མི་ལོ་༤༠…

གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཞུས་པ།

ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཐེངས་དང་པོ་གོ་སྒྲིག་གནང་ཡོད། ཉིན་མོ་སྲུང་རྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་ཨཱ་ཡུ་ཤའི་དྲུང་ ཆེ་ལས་འཕར་སྐུ་ཞབས་ Pramod Kumar Pathak མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ ཚོགས་གཙོ་སྐུ་ཞབས་པདྨ་འབྱུང་གནས་མཆོག དམིགས་བསལ་སྐུ་མགྲོན་གཞན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་སྐུ་ཞབས་ཆོས་སྐྱོང་དབང་ཕྱུག་མཆོག་ཆེད་ཕེབས་གནང་ཡོད། ད་ལན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཞུ་དགོས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་གྱུར་བྱུང་རྗེས་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་སྟོན་འཁོར་འགའ་ཞིག་རྒྱ་གར་དུ་བཙན་བྱོལ་དུ་ འབྱོར་ཞིང་བཙན་བྱོལ་དུ་བོད་མིའི་གཞིས་སྒར་དང་སློབ་གྲྭ གདན་ས་དང་བཤད་གྲ་དུ་མ་གསར་འཛུགས་བཀའ་དྲིན་བསྐྱངས་པ་ སོགས་རླབས་ཆེན་གྱི་མཛད་པ་དེ་དག་གི་ཡ་གྱལ་རིས་མེད་སྐྱེ་དགུའི་ཕན་བདེའི་རྩ་ལག་བོད་ཀྱི་ཐུན་མོང་མིན་པའི་སྨན་རྩིས་ཀྱི་རིག་པ་འདི་ཉིད་སྐྱར་གསོའི་སླད་སྐྱབས་བཅོལ་དུ་ཞབས་ཕྱིར་འབྲངས་པའི་སྨན་རྩིས་མཁས་པ་རྣམས་རྡ་རམ་སཱ་ལཱར་བསྡུས་བསྐོང་མཛད་དེ་༡༩༦༡ ཟླ་༩ ཚེས་༡༡ ཉིན་འཕགས་ཡུལ་དུ་བོད་ཀྱི་སྨན་རྩིས་བསྟན་པ་སླར་གསོའི་མཛད་འཆར་བཀའ་དྲིན་བསྐྱངས་པས་རྒྱལ་བའི་སྐུ་དྲིན་རྗེས་དྲན་གཙོས་གསོ་བ་རིག་པ་འདི་ཉིད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་པ་དང་བོད་གངས་ཅན་ལྗོངས་བརྒྱུད་ནས་རྒྱལ་བལ་འབྲུག་གཙོས་རུ་སོག་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་དར་འཕེལ་བྱུང་བ་ཁྱབ་བསྒྲགས་སྤེལ་ཆེད་ཡིན། ཉིན་མོ་སྲུང་རྩི་ཐེངས་དང་པོའི་ལས་རིམ་ཐོག་གསོ་བ་རིག་པ་མི་ཉམས་དར་སྤེལ་བྱེད་ཕྱོགས་དང། དེ་བཞིན་གསོ་བ་རིག་པའི་སྨན་བཅོས་ཕན་བསྐྱེད་དང་ཉེན་སྲུང་། གཞན་ཡང་ཉེ་བའི་ཆར་ཡུ་རོབ་རྒྱལ་ཁབ་སུད་སི་ནང་ཨེ་ཤ་ཡའི་སྔོ་སྨན་གྱི་སྦྱོར་བ་ཁྲིམས་མཐུན་ངོས་ལེན་གནང་བའི་ཁོངས་བོད་ཀྱི་གསོ་བ་རིག་པའི་སྔོ་སྨན་སྦྱོར་བ་ཁྲིམས་མཐུན་ངོས་ལེན་བྱུང་སྐོར་དང་། དེ་བཞིན་གསོ་རིག་སྨན་པ་བགྲེས་གཞོན་དབར་ནད་བཅོས་ལག་ལེན་ཐོག་དངོས་ཐོག་དཀའ་ངལ་ཐོག་སྤྱི་སྨན་དྲི་བ་བགྲོ་གླེང་གནང་ཡོད། ལས་རིམ་འདི་དང་འབྲེལ་གསོ་བ་རིག་པའི་ལྷན་ཚོགས་ནས་མདོ་ལུགས་ལྟར་སངས་རྒྱས་སྨན་བླའི་དཀྱིལ་འཁོར་བཞེངས་སྒྲུབ། གསོ་རིག་འགྲེམས་སྟོན། རིན་མེད་ནད་པ་བརྟག་དཔྱད་དང་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་དེབ་དབུ་འབྱེད། དེ་བཞིན་༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ལ་བོད་ཀྱིི་གསོ་བ་རིག་པའི་ལྷན་ཚོགས་ནས་གཡུ་ཐོག་གཟེངས་རྟགས་ཕུལ་བཞེས་ཡང་གནང་ཡོད། ལྷག་པར་འདི་ལོ་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ཀེག་དངོས་གཞིའི་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་༸སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་སླད་འདི་ལོ་༢༠༡༩ ཟླ་༩ ཚེས་༡༦སྔ་དྲོ་༸སྐྱབས་མགོན་རྒྱལ་བའི་ཕོ་བྲང་དུ་ཟུར་མཇལ་ཞུས་ཅིང་ཁྱབ་ཁོངས་སྨན་པ་རྣམས་ཀྱི་ཚབ་ཞུས་ཏེ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སངས་རྒྱས་སྨན་བླའི་སྐུ་བརྙན་མཚན་དཔེ་འབར་བ་ཞིག་དང་བརྟན་བཞུགས་བསྟར་འབུལ་ཚུལ་མཎ་ཌལ་རྟེན་དོད་ཧིན་སྒོར་༡༥༥༥༥༥།༠༠ ༼ཆིག་འབུམ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ལྔ་བཅུ་ང་ལྔ་༽ཐམ་པ་དང་། སངས་རྒྱས་སྨན་བླའི་མཚན་སྔགས་གྲངས་༦༢༡༧༤༣ ༼དྲུག་འབུམ་ཉི་ཁྲི་ཆིག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་གསུམ་༽གསོག་སྒྲུབ་ཞུས་པ་བཅས་སྙན་གསེང་ཞུ་ཡིག་ཕུལ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བོད་ཀྱི་གསོ་བ་རིག་པ་འདི་ བོད་ཀྱི་རིག་གནས་ཆེ་བ་ལྔའི་གྲས་ཤིག་ཡིན་པ་དང་དོན་དངོས་བོད་སྨན་འདིས་ནད་རིགས་འགའ་ཞིག་ལ་འཕྲོད་ཆེ་བ་ཡོད་པས་མི་མང་པོར་ཞབས་འདེགས་སྒྲུབ་པ་དང་ནད་པ་ལ་ཡང་ཁ་ཐུག་ཕན་ཐོགས་ཡོད་པ་གསུངས། གཞན་ཡང་བོད་སྨན་དང་བོད་ཀྱི་གསོ་བ་རིག་པ་ཟེར་དུས་བོད་ཀྱི་མཚན་མཐོང་ལ་ཡང་ཕན་གྱི་ཡོད་པ་དང། བོད་ཀྱི་གསོ་བ་རིག་པ་འདི་དེང་དུས་བརྟག་དཔྱད་སྨན་བཅོས་དང་མཐུན་པའི་ཉམས་ཞིབ་བྱེད་ཡས་དང་རྒྱ་གར་ནང་ཨཱ་ཡུ་ཝེ་དའི་མཁས་པ་མཉམ་དུ་གོ་བསྡུར་མང་ཙམ་དང་ཕན་ཚུན་ལེགས་བཤད་སློབ་རེས་བྱེད་ན་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པས་ཚང་མས་ཧུར་ཐག་དང་གཟབ་གཟབ་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད། གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཐེངས་དང་པོའི་ཐོག་རྒྱ་གར་དང་ཨ་རི།…

དགོངས་འཆར་ཡོད་ན་ཡིག་ཐོག་ནས་འབུལ་གནང་ཡོང་བ་ཞུ།

༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་ཚོགས་མི་སྨན་པ་ཡོངས་ལ། ཆེད་ཞུ། ཕྱི་ལོ་༢༠༡༩ ཟླ་༦ ཚེས་༡༢ ཉིན་དཔལ་ལྡན་ཚོགས་དྲུང་ལས་ཁུངས་ནས་ཕྱག་ཡིག་ཕེབས་དོན། ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༣་་་༥ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་དུ་དམིགས་བསལ་ཚོགས་ཆེན་ཐེངས་༣ པ་ བསྡུ་བསྐོང་གནང་གཏན་འཁེལ་བས་ཚོགས་ཆེན་གྱི་གྲོས་གཞི་གཉིས་ཏེ། ༡། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་ཁོངས་མང་ཚོགས་ཀྱི་དགོངས་འཆར་བསྡུ་རུབ་ཞུ་རྒྱུ། ༢། ༸རྒྱལ་དབང་༸སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་སྐོར། བཅས་བརྗོད་གཞི་གཉིས་དང་ འབྲེལ་ནས་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གསོ་བ་རིག་པ་འདི་ཉིད་མི་ཉམས་རྒྱུད་འཛིན་དང། གསོ་བ་ རིག་པའི་ཐོག་སྲིད་བྱུས་དང་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ངོས་ལེན་ལག་ལེན་ཐུབ་ཐབས་སོགས་ཀྱི་ཐད་ འཚོ་བྱེད་སྨན་པ་རྣམས་ནས་སྤྱི་སྨན་དགོངས་འཆར་ཡོད་ཚེ་ཕྱི་ལོ་༢༠༡༩ ཟླ་༩ ཚེས་༣༠ ནང་ཚུད་དགོངས་ འཆར་རྣམས་གསོ་རིག་ལྷན་ཚོགས་ཀྱི་ཡིག་ཚང་དུ་ཡིག་ཐོག་ནས་འབུལ་གནང་ཡོང་བ་དེ་དོན་གསལ་བསྒྲགས་ཞུ། སྤྱིར་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པ་དེ་ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༢ ཉིན་བསྐོང་ཚོགས་གནང་གཏན་ འཁེལ་བས་ཚོགས་ཆེན་དེའི་ཐོག་གོང་གསལ་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་ཡང་ཚོགས་བཅར་མ་ཐུབ་པ་རྣམས་ནས་གལ་ཏེ་དགོངས་འཆར་ཡོད་ཚེ་གོང་གསལ་དུས་ཚོད་ནང་ཚུད་དགོངས་འཆར་རྣམས་ཡིག་ ཐོག་ནས་འབུལ་གནང་ཡོང་བ་དེ་དོན་སླར་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་ ༢༠༡༩ ཟླ་༩ ཚེས་༥ ལ་ཕུལ།།      

གསོ་བ་རིག་པའི་ཉིན་མོ་སྲུང་རྩིར་ཕེབས་པར་དགའ་བསུ་ཞུ།

༄༅། །འཆི་མེད་ཚེ་ཡི་རིག་པ་འཛིན་པ་འཚོ་བྱེད་སྨན་པ་ཡོངས་དང། དེ་བཞིན་བོད་སྨན་ལ་དགའ་ཞེན་ཡོད་པའི་ཚོགས་མི་དང་བརྩེ་བའི་ནད་པ་ཡོངས་ལ། ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༡ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གཞུང་འབྲེལ་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཞུ་བཞིན་ཡོད་ན་སྐུ་ཉིད་ཉིན་མོ་སྲུང་རྩིའི་ཐོག་ཕེབས་པར་དགའ་བསུ་ཞུ། ལས་རིམ་ཆ་ཚང་ཆེད་འདིར་བསྣུན།             ཚོགས་དུས། ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༡ འཚོག་ཡུལ། རྒྱ་གར་རྒྱལ་ས་ལྡི་ལི།་༼ཁ བྱང་གཤམ་གསལ།༽ India International Center,, 40, Max Mueller Marg, Lodhi Gardens, Lodhi Estate, New Delhi གསོ་བ་རིག་པའི་འགྲེམས་སྟོན་དང་རིན་མེད་ནད་པ་བརྟག་དཔྱད། འཚོག་ཡུལ། ལྡི་ལི་བོད་ཀྱི་ཁང་པ། Tibet House, 1,…

གསོ་བ་རིག་པའི་སྐུ་ཚབ་ཚོགས་མི་རྒྱ་གར་དབུས་གཞུང་ཨཱ་ཡུ་ཤའི་བློན་མཆོག་དང་མཇལ་ཕྲད་ཞུས་པ།

ཕྱི་ལོ་༢༠༡༩ ཟླ་༧ ཚེས་༡༣ ཉིན་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་གསོ་རིག་སྐུ་ཚབ་ཚོགས་མི་བརྒྱད་རྒྱ་གར་དབུས་ཨཱ་ཡུ་ཤའི་བློན་ཆེན་སྐུ་ཞབས་ཤྲི་ཤྲི་པད་ཡེ་སོ་ནཱ་ཡག་མཆོག་མཇལ་འཕྲད་ཞུས་ཡོད། ད་ལན་མཇལ་ཕྲད་ཀྱི་གནད་དོན་གཙོ་བོ་དེ་ཉེ་བའི་འཆར་རྒྱ་གར་དབུས་གཞུང་ནས་གསོ་བ་རིག་པ་འདི་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མངོན་མིན་༼དངོས་མིན་༽ ཤུལ་བཞག་རིག་གནས་ཁོངས་ཐོ་འགོད་དེབ་སྐྱེལ་ཆེད་ཞུ་སྙན་ཕུལ་ཡོད་པར་དེབ་སྐྱེལ་ཞུ་སྙན་ནང་གསོ་བ་རིག་པའི་ལོ་རྒྱུས་དང་ཁྱབ་ཚད། དེ་བཞིན་དཔལ་ལྡན་རྒྱུད་བཞི་བརྩམས་པ་པོ་བཅས་གནས་དོན་འགའ་ཞིག་དོན་དངོས་དང་མ་མཐུན་པ་ཆགས་འདུག་པ་དེ་དག་བསྐྱར་ཞིབ་བསྐྱར་བཅོས་ཡོང་བའི་རེ་སྐུལ་ཞུ་ཡིག་དང་མཉམ་འཆར་གསལ་བཤད་ཡིག་ཆ་དང་དཔལ་ལྡན་བཀའ་ཤག་གི་རྒྱབ་གཉེར་ཕྱག་ཡིག་བཅས་ཕུལ་ཡོད། དུས་ཡུན་སྐར་མ་༣༠ ཙམ་གྱི་མཇལ་ཕྲད་ཐོག་གསོ་བ་རིག་པ་འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་པ་དང་རིག་གཞུང་འདི་བོད་ནས་ཐོག་མར་དར་ཞིང་རིམ་པས་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་དང་ཕྱི་ལོ་༡༩༥༩ ནས་རྒྱ་གར་ནང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་རིམ་པས་གསོ་བ་རིག་པ་དར་སྤེལ་ཆེན་པོ་ཕྱིན་སྐོར་གསལ་བཤད་ཞུས་པ་དང་འབྲེལ་ད་ལན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་སྙན་ནང་གསོ་བ་རིག་པ་འདི་རྒྱ་གར་ནས་བྱུང་བ་དང་དཔལ་ལྡན་རྒྱུད་བཞི་འདི་སྟོན་པས་གསུངས་པའི་ལུང་འདྲེན་གནང་འདུག་པ་དག་ལོ་རྒྱུས་ཡིག་ཆ་གང་དུའང་མ་གསལ་བའི་གནད་དོན་གསལ་འདུག་པ་དེ་དོན་ངེས་པར་དུ་བསྐྱར་བཅོས་ཡོང་བ་གསལ་འགྲེལ་ཞུས། གསོ་བ་རིག་པ་འདི་རིག་གཞུང་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་དང་སྙན་ཞུ་འདི་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བ་ཡོད་པས་རྒྱ་གར་དབུས་གཞུང་ནས་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་དང། དབུས་གཞུང་རིག་གཞུང་ལྷན་ཁང་། དེ་བཞིན་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་བཅས་གསུམ་གྱིས་རྐང་འགན་འཁུར་ནས་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་ཡོད་ན་ལྷན་ཚོགས་ནས་གོང་གསལ་གནད་ཡོད་དང་མཇལ་ཕྲད་ཀྱིས་ཞུ་དོན་ཁག་ཡིག་ངག་གཉིས་ཐོག་ནས་ཕུལ་ཐུབ་པ་བྱུང་ཡོད། གསལ་བཤད་ཡིག་ཆ་ཁག བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་རྒྱབ་གཉེར་ཕྱག་ཡིག

རིན་བབ་ཐོག་སྒེར་གྱི་ཁྱབ་བསྒྲགས་སྤེལ་རྒྱུའི་གསལ་བསྒྲགས།

ལྷན་ཚོགས་ཚོགས་ཐེངས་༣༡ པའི་གྲོས་ཆོད་དགོངས་དོན་འདི་ནས་གསོ་རིག་གསར་འཕྲིན་དང་འཕྲོད་བསྟེན་དུས་དེབ། དེ་བཞིན་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱ་བཅས་ནང་སོ་སོའི་སློབ་གཉེར་ཁང་གི་སློབ་མ་གསར་བསྡུའི་གསལ་བསྒྲགས་སོགས་དང་དེ་བཞིན་སྨན་སྦྱོར་ཁང་ངོ་སྤྲོད་ཁྱབ་བསྒྲགས། གཞན་ཡང་སྨན་པ་སྒེར་ས་སོ་སོའི་སྨན་ཁང་དང། གསོ་རིག་ཐོན་རྫས། གསོ་རིག་འཇམ་དཔྱད་ཁང་དང་གསོ་བ་རིག་པའི་ཆེད་རྩོམ་དེབ་དཔར་བསྐྲུན་སོགས་ཁྱབ་བསྒྲགས་གནང་འདོད་མཆིས་ཚེ་ལྷན་ཚོགས་ནས་རིན་བབ་མི་ཉུང་བ་བསྡུས་བཞེས་ཐོག་གོང་གསལ་བརྒྱུད་ལམ་ཐོག་ཁྱབ་བསྒྲག་སྤེལ་རྒྱུ་ཡིན་པ་དེ་དོན་གསལ་བསྒྲགས་ཞུ་བ་དང་ཆབས་ཅིག་ཁྱབ་བསྒྲགས་རིང་ཐུང་དང་རིན་བབ་དེ། ཤོག་ངོས་ཆ་ཚང་གཅིག་བྱེད་པའི་ཁྱབ་བསྒྲགས་དུས་ཡུན་ལོ་གཅིག་ལ་ཧིན་སྒོར།༡༠༠༠༠།༠༠ ཤོག་ངོས་ཕྱེད་ཀ་བྱེད་པའི་ཁྱབ་བསྒྲགས་ལ་ཧིན་སྒོར་༥༠༠༠།༠༠ ཤོག་ངོས་བཞི་ཆ་གཅིག་ལ་ཧིན་སྒོར་༢༥༠༠། ༠༠ བཅས་ཡིན། ཁྱབ་བསྒྲགས་ཆེད་ཚང་དགོས་ཀྱི་ཆ་རྐྱེན་དེ་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་ཚོགས་མི་ཡིན་དགོས་པ་དང་ཚོགས་དངུལ་འབུལ་ཆད་ཡོད་པ་མ་ཡིན་པའི་ཆ་རྐྱེན་ཚང་དགོས་པ་བཅས་ཡིན།།

ལྷན་ཚོགས་ཀྱི་དངོས་གཞིའི་འོས་བསྡུའི་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུ་འི་ཚོགས་ཆུང་ནང་ལྷན་ཚོགས་སྐབས་དྲུག་པའི་ཚོགས་མིའི་འོས་བསྡུའི་གསལ་བསྒྲགས་སྤེལ་བ་བཞིན་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ནས་ངེས་པར་དུ་དངོས་གཞིའི་འོས་བསྡུར་ཆ་ཤས་བཞེས་དགོས་པའི་གསལ་བསྒྲགས་ཞུ། ཞིབ་ཕྲའི་དངོས་གཞིའི་འོས་བསྡུའི་གསལ་བསྒྲགས་གཤམ་གསལ་འོས་བསྡུ་ཚོགས་ཆུང་ནས་སྤེལ་བའི་གསལ་བསྒྲགས་ལ་གཟིགས་པར་ཞུ། འོས་བསྡུའི་གསལ་བསྒྲགས་ཤོག་ཨང་དང་པོ། འོས་བསྡུའི་གསལ་བསྒྲགས་ཤོག་ཨང་གཉིས་པ།

ལྷན་ཚོགས་སྐབས་ལྔ་པའི་ཚོགས་མིའི་ལས་ཡུན་འཕར་འགྱངས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་སྐབས་ལྔ་པའི་ཚོགས་མིའི་ལོ་གསུམ་གྱི་དུས་ཡུན་དེ་ཕྱི་ལོ་༢༠༡༩ ཟླ་༨ ཚེས་༢༥ ཉིན་གཙང་བཞིན་ཡོད་ནའང་ལྷན་ཚོགས་ཚོགས་ཐེངས་༣༡ པའི་ཐོག་གྲོས་བསྡུར་རགས་ཙམ་བྱུང་བ་དང་ད་ལན་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༩ ཟླ་༨ པའི་ཟླ་རེའི་ཚོགས་འདུའི་ཐོག་སླར་གྲོས་བསྡུར་བྱས་པས་ལྷན་ཚོགས་ཀྱི་གལ་ཆེའི་ལས་དོན་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཞུ་རྒྱུའི་ལས་འཆར་གོ་སྒྲིག་གི་ལས་འཕྲོ་ཡོངས་སུ་མཇུག་སྒྲིལ་ཆེད་གོང་གསལ་ལོ་གསུམ་གྱི་ལས་ཡུན་དུས་ཚོད་ནས་ཉིན་གྲངས་བཅོ་བརྒྱད་དེ་ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༢ བར་འཕར་འགྱངས་ཞུ་རྒྱུའི་ཐག་གཅོད་བྱུང་སོང་བ་དེ་དོན་གསལ་བསྒྲགས་ཞུ་བ་དང་ཆབས་ཅིག་འདི་ནས་འོས་བསྡུའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ལྷན་ཚོགས་སྐབས་དྲུག་པའི་ཚོགས་མིའི་འོས་འདེམས་གསལ་བསྒྲགས་དང་སྐབས་གསར་རྙིང་གི་ཚོགས་མི་རྣམ་པའི་རྩིས་སྤྲོད་རྩིས་ལེན་དེ་ཕྱི་ལོ་༢༠༡༩ ཟླ་༩ ཚེས་༡༢ ཉིན་གནང་གཏན་འཁེལ་ཡོད་ན་དེ་དོན་ཁྱབ་ཁོངས་ཚོགས་མི་རྣམས་ནས་དགོངས་འཇགས་ཡོང་བ་ཞུ་རྒྱུ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ཕྱི་ལོ་༢༠༡༩ ཟླ་༨ ཚེས་༦ ལ།།