ཕྱི་ལོ་༢༠༢༡ ཟླ་༥ ཚེས་༤ སྔ་དྲོ་ཆུ་ཚོས་༥།༣༠ ཙམ་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྨན་རམས་པ་ལྷུན་ཁང་ཉི་མ་ཚེ་རིང་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་མྱ་ངན་རྗེས་དྲན་དང་སྦྲགས་གསོལ་བ་སྨོན་ལམ་ཤུགས་དྲག་ཞུ་བ་དང་ཆབས་ཅིག་ཞིང་གཤེགས་ཁོང་གི་ནང་མི་སྤུན་མཆེད་དང་ཉེ་འབྲེལ་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ། སྨན་རམས་པ་ལྷུན་ཁང་ཉི་མ་ཚེ་རིང་མཆོག་ནི་ཕྱི་ལོ་༡༩༦༤ ལོར་བོད་རྒྱལ་རྩེ་ཕྱག་སྟོང་ལྷུན་ཁང་གི་ཁྱིམ་གཞིས་ནང་སྐུ་འཁྲུངས་ ཤིང་༡༩༦༨ ནས་ ༡༩༧༡ བར་བོད་རྒྱལ་རྩེ་སློབ་གྲྭར་ལོ་ལྔ་རིང་སློབ་སྦྱོང་གནང་། ཕྱི་ལོ་༡༩༨༡ ལོར་འབྲུག་བརྒྱུད་རྒྱ་གར་དུ་ བཙན་བྱོལ་དུ་འབྱོར། ཕྱི་ལོ་༡༩༨༡ ནས་༡༩༨༢ བར་རྡ་ས་མཚན་ཉིད་སློབ་གཉེར་ཁང་དུ་ལོ་གཅིག་རིང་ནང་ཆོས་སློབ་གཉེར་ གནང་ཞིང་༡༩༨༢་་་༡༩༨༧ བར་བོད་གཞུང་སྨན་རྩིས་མཐོོ་སློབ་ཁང་དུ་ལོ་ལྔའི་རིང་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་གནང་སྟེ་སྨན་པ་དཀའ་བཅུ་པ་སློབ་མཐར་སོན། ཕྱི་ལོ་༡༩༨༤ དང་ཕྱི་ལོ་༡༩༩༤ ནང་ཏེ་ཛུ་། ཌལ་ཧོར་ས་གནས་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་མི་དང་ས་གནས་གཞོན་ནུའི་ལས་འཁུར་ཞུས། ཕྱི་ལོ་༡༩༨༨ ནས་ཕྱི་ལོ་༢༠༠༣ བར་བོད་ཀྱི་སྨན་རྩིས་ཁང་གི་བརྟག་དཔྱད་སྨན་པའི་འགན་འཁུར་གྱིས་ལོ་ལྔའི་རིང་ཡན་ལག་སྨན་ཁང་ཁག་ནང་སྨན་པའི་ཞབས་ཞུ་བསྒྲུབ་པ་དང་། ཕྱི་ལོ་ ༡༩༩༦ ནས་༢༠༠༣ བར་བོད་ཀྱི་སྨན་རྩིས་ཁང་གི་ལྡི་ལི་བསམ་ཡས་གླིང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ཕྱག་ལས་གནང་། ཕྱི་ལོ་༢༠༠༠ ལོར་བོད་ཀྱི་སྨན་རྩིས་ཁང་ནས་སྨན་རམས་པའི་མཚན་གནས་བཞེས། ཕྱི་ལོ་༢༠༠༤ ལོར་ལྡི་ལི་བསམ་ཡས་གླིང་དུ་ལྷུན་ཁང་བོད་ཀྱི་གསོ་རིག་སྨན་ཁང་ཆེད་འཛུགས་ཀྱིས་ད་བར་འགྲོ་བ་ནད་པ་མང་པོར་སྨན་བཅོས་དང་ཉམས་ཐག་ནད་པ་མང་པོར་སྨན་སྦྱིན་གནང་ནས་འགྲོ་བ་ནད་པ་མང་པོའི་ཚེ་སྲོག་སྐྱོབ་པའི་བརླབས་ཆེན་གྱི་མཛད་རྗེས་བཞག་གནང་ཡོད། ཕྱི་ལོ་༢༠༠༧ ནས་ལོ་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་མཚན་གནས་ཐོག་ཕྱག་ལས་ འགན་འཁུར་གནང་ཡོད་པ་དང་ཕྱི་ལོ་༢༠༡༤ ནས་ད་བར་གསོ་རིག་ལྷན་ཚོགས་ཀྱི་ལྡི་ལི་ཁུལ་གྱི་ས་གནས་འབྲེལ་མཐུད་སྨན་ པའི་ཐུགས་འགན་བཞེས།…
ཡིད་སྐྱོའི་གནས་ཚུལ།
ཕྱི་ལོ་༢༠༢༡ ཟླ་༢ ཚེས་༤ སྔ་དྲོ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་ཐུབ་བསྟན་རྒྱལ་མཚན་ལགས་སྙུན་གཞིའི་རྐྱེན་གྱིས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མིའི་ཚང་མའི་ཚབ་ཞུས་ཏེ་མྱ་ངན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཚེ་འདས་ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ། སྨན་པ་ཐུབ་བསྟན་རྒྱལ་མཚན་ལགས་ནི་ཕྱི་ལོ་༡༩༥༢ ལོར་བོད་མངའ་རིས་གུ་གེར་སྐུ་འཁྲུངས་ཤིང། ཕྱི་ལོ་༡༩༨༧ ལོར་རྡ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་དཀའ་བཅུ་སྨན་པའི་སློབ་ཐོན་གྱིས་དུས་དེ་ནས་བཟུང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁོངས་དོན་ལྡན་གླིང་དང་ལུགས་བསམ་དེ་བཞིན་འདོད་རྒུ་གླིང་དུ་ཆགས་པའི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་༡༩༩༩ ཟླ་༣ ཚེས་༢༣ ཉིན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་སྨན་རམས་པ་ཆུང་བའི་ཕྱག་འཁྱེར་བཞེས་ཤིང་སྐུ་ཚེ་ཧྲིལ་པོ་སྟེ་ཁྱོན་མི་ལོ་༣༤ ཙམ་རིང་ཉམས་ཐག་ནད་པའི་འགྲོ་དོན་བསྐྱངས་གནང་མཛད་ཅིང་གཞུང་དང་ལག་ལེན་གང་ཅིར་ཉམས་མྱོང་ཅན་གྱི་སྨན་པ་སྐུ་བགྲེས་ཤིག་ཡིན་པའི་ངོ་སྤྲོད་སྙིང་བསྡུས་སུ།།
གསལ་བསྒྲགས། ནད་ཡམས་སྐབས་སུ་ཞབས་ཞུ།
༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་འཚོ་བྱེད་སྨན་པ་ཡོངས་ལ། ཆེད་ཞུ། དགོངས་གསལ་བཞིན་འདི་ལོ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་གཉན་རིམས་ཀོ་ཝིཌ་༡༩ ནད་ཡམས་འཛམ་གླིང་ཁྱོན་ ཡོངས་ལ་ཁྱབ་གདལ་ཆེ་ཆེར་སོང་ནས་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ཕྱིན་ཡོད། རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་ གྲུ་ཁག་ཏུ་བཞུགས་པའི་བོད་མིར་ཡང་རིམས་ནད་འདི་ཕོག་ཅིང་བརྒྱ་ཆ་མང་བ་དྲག་སྐྱེད་དང་འགའ་ཞིག་འདས་གྲོངས་སོང་བ་ ཡང་བྱུང་ཡོད། ཞུ་སྙིང་། ད་ལན་ནད་ཡམས་ཁྱབ་གདལ་འདིའི་ཁྲོད་ནད་པར་དངོས་སུ་སྨན་བཅོས་ཞབས་ཞུ་བསྒྲུབ་མཁན་དེ་སྨན་པ་དང་འཕྲོད་ ལས་པ་རྣམས་ཆགས་ཀྱི་ཡོད་ན་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་སུ་ཞིག་ནས་ཀོ་ཝིཌ་༡༩ ནད་གཞི་ཕོག་པའི་ནད་ པར་གསོ་བཅོས་གནང་བ་དང་། དེ་བཞིན་ནད་པར་སྨན་སྦྱིན་རྒྱ་མི་ཆུང་བ་གནང་བ་སོགས་བོད་མིའི་འཕྲོད་བསྟེན་བདེ་རྩར་ཕན་ པའི་ཞབས་འདེགས་བསྒྲུབས་ཡོད་ཚེ་ལྷན་ཚོགས་སུ་ལས་བསྡོམས་སྙིང་བསྡུས་རེ་༢༠༢༠ ཟླ་༡༢ ཚེས་༠༦ གཏོང་གནང་ཡོང་ བ་ཞུ་བ་དང་། ཆབས་ཅིག་གཉན་རིམས་ཀོ་ཝིཌ་༡༩ བརྗོད་གཞི་དང་འབྲེལ་བའི་ཆེད་རྩོམ་དང་དཔྱད་རྩོམ། དེ་བཞིན་འདི་ལོའི་ ནད་ཡམས་རྐྱེན་པས་སོ་སོའི་ཆེད་ལས་གཉེར་སྐབས་སྔ་རྒྱུན་དང་མ་འདྲ་བར་དམིགས་བསལ་གདོང་ལེན་གནང་དགོས་བྱུང་བ་ སོགས་ཀྱི་མྱོང་ཚོར་སྤེལ་འདོད་ཚེ་སོ་སོའི་མྱོང་ཚོར་སྙིང་བསྡུས་བརྙན་པར་བཅས་༢༠༢༠ ཟླ་༡༢ ཚེས་༢༥ འགྱངས་མེད་ལྷན་ ཚོགས་སུ་གཏོང་གནང་ཡོང་བ་ཞུ། གསོ་རིག་སློབ་གཉེར་ཁང་དང་དེའི་ཁྱབ་ཁོངས་སྨན་པ་རྣམས་ནས་སློབ་ཁང་སོ་སོའི་མཚན་ ཐོག་གམ་ཡང་ན་སྨན་པ་སོ་སོས་སློབ་ཁང་ལ་ཞུས་པའི་ཐོག་འདི་ལས་སུ་གཏོང་གནང་ཡོང་བ་དང་སྒེར་གཉེར་སྨན་ཁང་དང་སྨན་ པ་རྣམས་ནས་སྨན་པ་སོ་སོའི་མཚན་ཐོག་ནས་གཏོང་གནང་ཡོང་བ་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་༡༧ ལ།།
གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཐེངས་གཉིས་པ།
༄༅། །མཆོག་ཏུ་བཀུར་འོས་༸རྒྱལ་བའི་༸སྐུ་བཅར་སྨན་པ་རྣམ་པ་གཙོས་རྒྱ་ཆེ་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་འཚོ་བྱེད་སྨན་པ་ཡོངས་ལ། ཆེད་ཞུ། དགོངས་གསལ་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་གྲོས་ཆོད་དགོངས་དོན་ལོ་ལྟར་ཟླ་༩ ཚེས་ ༡༡ ཉིན་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཞུ་གཏན་འཁེལ་ཞིང་ཉིན་མོ་སྲུང་རྩི་ཐེངས་དང་པོ་དེ་སྔ་ལོ་༢༠༡༩ ཟླ་༩ ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་དམིགས་དོན་བཞིན་བསྐོང་ཚོགས་གནང་ཐུབ་པ་བྱུང་ཡོད་ལ་དུས་ཆེན་སྟབས་བསྟུན་ གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་དེབ་རེ་དཔར་བསྐྲུན་གནང་འཆར་སྒྲིག་པ་བཞིན་དཔར་བསྐྲུན་འགྲེམས་སྤེལ་ཐུབ་པ་བྱུང། ཞུ་སྙིང་དང་པོ། ལྷན་ཚོགས་ཚོགས་ཐེངས་༣༢ ཐོག་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཐེངས་གཉིས་པ་དེ་མུ་མཐུད་གོ་ སྒྲིག་ཞུ་འཆར་དང་འབྲེལ་གསོ་བ་རིག་པ་དང་ཚན་རིག་པའི་མཁས་པའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ལས་འཆར་སྒྲིག འོན་ཀྱང་སྔ་ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་གྲོང་འཁྱེར་ཝུ་ཧན་ནས་མཆེད་པའི་གཉན་རིམས་ཀོ་ཝིཌ་༡༩ ནད་ཡམས་ འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་ཆེ་ཆེར་འགྲོ་ཞིང་གནས་ཡུལ་རྒྱ་གར་ནང་དུ་ད་ཆ་གནས་སྟངས་ཛ་དྲག་ཆགས་ པའི་རྐྱེན་ཉེ་བའི་ལྷན་ཚོགས་ཀྱི་ཟླ་རེའི་ཚོགས་འདུའི་ཐོག་གསོ་བ་རིག་པའི་ཉིན་མོ་སྲུང་རྩི་ཐེངས་གཉིས་པ་དེ་གནས་ སྐབས་ཕྱིར་འགྱངས་ཀྱིས་འཆར་ལོ་༢༠༢༡ ཟླ་༡ ཚེས་༥ ལྷན་ཚོགས་དབུ་བརྙེས་པའི་དུས་ཚིགས་སྟབས་བསྟུན་གནང་ གཏན་འཁེལ། འོན་ཀྱང་གསོ་བ་རིག་པའི་ཉིན་མོ་སྲུང་རྩིའི་དུས་ཚིགས་དེ་ཉིན་གསོ་རིག་སློབ་གཉེར་ཁང་དང་དེ་བཞིན་ ས་གནས་འབྲེལ་མཐུད་སྨན་པ་རྣམས་ནས་ས་གནས་སུ་སྨན་པ་གང་འཛོམས་༼ནད་ཡམས་ཁྱབ་གདལ་བཀག་འགོག་གི་ ཁྲིམས་སྒྲིག་ལ་བརྩི་སྲུང་དང་སྔོན་འགོག་ཐབས་ལམ་ངེས་པར་བསྟེན་པའི་ཐོག་༽མཛད་སྒོའི་ཚུལ་གསོལ་ཇ་འབྲས་བསིལ་དང་གསོལ་འདེབས་སྨོན་ལམ་རེ་འདོན་གནང་ཡོང་བ་ཞུ་རྒྱུ་༼གསོལ་ཇ་འབྲས་བསིལ་གྱི་འགྲོ་གྲོན་ལྷན་ཚོགས་ནས་རྩིས་རྒྱག་ཞུ་ རྒྱུ་ཡིན་༽ བཅས་གྲོས་བསྡུར་ཐག་གཅོད་བྱུང་ཡོད་པ་དང་། དོན་ཚན་གཉིས་པ། དེ་སྔ་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་ཆེད་རྩོམ་གང་མཚམས་འབྱོར་སོང་ཡང་ད་དུང་ཆེད་རྩོམ་ གནང་མཁན་མཆིས་ཚེ་ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༡༠ བར་རྩོམ་བསྡུའི་དུས་འགྱངས་གནང་གཏན་འཁེལ་བ་དང་དེ་སྔ་ རྩོམ་བསྡུའི་བརྗོད་གཞིའི་ཐོག་འདི་ལོ་བོད་མིའི་སྒྲིག་འཛུགས་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་དྲིན་རྗེས་དྲན་གྱི་ལོ་སྲུང་རྩི་ཞུ་བཞིན་ཡོད་ན་རྒྱ་ཆེ་གསོ་བ་རིག་པའི་སྨན་པ་རྣམས་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་ལ་སྐུ་དྲིན་རྗེས་དྲན་གྱི་ཆེད་རྩོམ་ཆེད་ཚིག་ཅི་མཆིས་ལྷན་ཚོགས་སུ་༢༠༢༠ ཟླ་༡༢…
དྲ་ཐོག་ཞབས་ཞུའི་གསལ་བསྒྲགས།
ཡིག་ཨང་།ང་༡༢༨།༢༠༡༩་་་༢༠ འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་སེར་སྐྱ་ཡོངས་ལ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ ནས་ཞབས་ཞུའི་གསལ་བསྒྲགས་ཞུ་སྙིང་། དེང་འཛམ་གླིང་ནང་ཝུ་ཧན་COVID-19 ནད་ཡམས་འདི་ཁྱབ་ གདལ་ཆེ་ཆེར་འགྲོ་ཞིང་མི་མང་པོ་དངངས་འཚབ་ངང་གནསཔའི་གནས་ཆུལ་ལ་འདི་ག་གསོ་རིག་ལྷན་ཚོགས་ ནས་གཤམ་གསལ་སེམས་ཁམས་འཕྲོད་བསྟེན་ཐོག་ཆེད་ལས་སྨན་པ་གཅིག་མི་མང་ཞབས་ཞུའི་ཆེད་བསྐོས་ བཞག་གནང་ཡོད་པ་དང། ཡང་བོད་མི་གང་ཞིག་ལ་ནད་ཡམས་འདི་དང་འབྲེལ་བའི་དོགས་པ་དང་དེ་བཞིན་ སྔོན་འགོག་སོགས་ལམ་སྟོན་དགོས་གལ་མཆིས་ཚེ་འདི་ནས་ཕྱི་ལུགས་སྨན་པ་གཅིག་བསྐོས་གཞག་ཞུས་ཡོད། ཡང་ད་ཆ་སློབ་ཕྲུག་མང་པོ་ཞིག་དེང་ནད་ཡམས་འདིའི་རྐྱེན་པས་སློབ་གྲྭ་དང་མཐོ་སློབ་སྒོ་རྒྱབ་པའི་གནས་ཚུལ་ ལ་འདི་ནས་ཟླ་བ་༤ ཚེས་༡ ནས་ཟླ་༤ ཚེས་༣༠ བར་བདུན་ཕྲག་རེ་ལ་ཉིན་ལྔའི་རིང་རྒྱ་གར་གི་ཆུ་ཚོད་༥།༣༠ ནས་༦།༣༠ བར་དྲ་ཐོག་ནས་སློབ་ཕྲུག་གྲངས་༣༠ ལ་བོད་སྨན་ངོ་སྤྲོད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པས་ རྒྱ་ཆེ་མི་མང་དང་སློབ་ཕྲུག་རྣམས་ནས་སོ་སོའི་དོན་གནད་ལ་གཞིགས་ནས་གཤམ་གསལ་ཁ་པར་ཐོག་འབྲེལ་བ་གནང་རོགས་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༢༠ ཟླ་༣ ཚེས་༢༨ ལ།། ༡། སེམས་ཁམས་འཕྲོད་བསྟེན་དང་བོད་སྨན་བསྟེན་ཕྱོགས་ཆེད་བོད་ལུགས་སྨན་པའི་འབྲེལ་མཐུད་ ཁ་པར། ་་་་་་་་་་་་་་་་་ ༩༨༨༢༩༠༩༤༨༠ / 9882909480 ༢། ཝུ་ཧན་ COVID-19 ནད་རྟགས་སོགས་ལ་དོགས་འདྲི་དང་མཁྱེན་རྟོགས་སླད་ཕྱི་ལུགས་སྨན་པའི་ འབྲེལ་མཐུད་ཁ་པར། ་་་་་་་་་་་་་་་་་༨༦༢༧༨༤༠༨༩༦ / 8627840896…
གལ་ཆེའི་གསལ་བསྒྲགས།
༄༅། །བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང་། གསོ་སློབ་གཉེར་ཁང་དང། སྒོ་བསྟེན་སྨན་ཁང་ཆེད་གཉེར་སྨན་པ་ དང་སྨན་སྦྱོར་བ་ཡོངས་ལ། ཆེད་ཞུ། མཁྱེན་གསལ་བཞིན་དེང་འཛམ་གླིང་ནང་ཝུ་ཧན་COVID-19 ནད་གཞི་ཁྱབ་གདལ་ཆེ་ཆེར་འགྲོ་བཞིན་ཡོད་པས་རང་ཉིད་ས་ གནས་གང་དུ་ཡོད་པའི་རྒྱལ་ཁབ་དང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལམ་སྟོན་བཀོད་ཁྱབ་གང་གནང་ལ་བརྩི་སྲུང་དང་ལེན་ ཞུ་དགོས་ཤིན་ཏུ་ནས་གལ་ཆེ་བས་སོ་སོའི་གནས་ཡུལ་གྱི་དབུས་དང་ས་གནས་ཀྱི་འབྲེལ་ཡོད་་གཞུང་དང་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་བཀོད་ཁྱབ་ལམ་སྟོན་རྣམས་ཉིན་ལྟར་མཁྱེན་རྟོགས་ཐོག་ཕྱག་བསྟར་གནང་དགོས་ཀྱི་གསལ་བསྒྲགས་ཞུ། ད་ཉིན་ཕྱི་ཚེས་༢༤ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེས་ད་ལྟའི་ནད་གཞི་འདི་སྔོན་འགོག་སྟངས་ འཛིན་ཆེད་སྒེར་གྱི་སྨན་པ་རྣམས་ལ་རྩ་འཛིན་ལམ་སྟོན་ཞིག་གསལ་བསྒྲགས་གནང་འདུག་པ་ཁ་ཡིག་འདི་མཉམ་ཆབས་འབུལ་ཞུ་བཞིན་ཡོད་ན་ཧི་མཱ་ཅལ་ཁུལ་གྱི་སྨན་པ་རྣམས་ནས་རྩ་འཛིན་དེར་དོ་ནན་རྩི་སྲུང་དང། གལ་ཏེ་རབ་བྱུང་ན་གནས་སྐབས་ སོ་སོའི་ཚོགས་སྒེར་སྨན་ཁང་སྒོ་རྒྱབ་པ་དང་དེ་མིན་དབུས་སའི་གཞུང་གི་རྩ་འཛིིན་ལམ་སྟོན་དང་ཁྲིམས་ཀྱི་བཀོད་ཁྱབ་གང་ གནང་ལ་བརྩི་སྲུང་དང་ལེན་གྱིས་ཕྱག་བསྟར་གནང་དགོས་པ་དེ་དོན་གསལ་བསྒྲགས་ནན་པོ་ཞུ། དབུས་སའི་གཞུང་གི་ཁྲིམས་སྒྲིག་བཀོད་ཁྱབ་ལ་རྩི་སྲུང་དང་ལེན་མ་ཞུས་ནས་ཁྲིམས་ཀྱི་དཀའ་ངལ་འཕྲད་ཚེ་གསོ་རིག་ལྷན་ ཚོགས་ནས་འགན་ལེན་ཞུ་རྒྱུ་མིན་པ་དེ་དོན་ནན་གསལ་ཞུ་རྒྱུ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ཟླ་༣ ཚེས་༢༤ ལ་ཕུལ།།
ཟབ་སྦྱོང་གསལ་བསྒྲགས།
༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་འཚོ་བྱེད་སྨན་པ་ཡོངས་ལ། ཆེད་ཞུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཟུང་འབྲེལ་གྱིས་ཕྱི་ལོ་༢༠༢༠ ཟླ་༣ ཚེས་༡༧ ནས་༢༡ བར་ཉིན་གྲངས་ལྔའི་རིང་གསོ་རིག་སྨན་པ་གྲངས་༥༠ ལ་གཤམ་གསལ་བརྗོད་གཞིའི་ཐོག་ཟབ་སྦྱོང་གོ་སྒྲིག་ གནང་གཏན་འཁེལ་ཡོད་ན་ཟབ་འཁྲིད་ལ་བཞུགས་བློ་ཡོད་རིགས་ནས་ཕྱི་ལོ་༢༠༢༠ ཟླ་༣ ཚེས་༡༠ ནང་ཚུད་ཡིག་ཐོག་ཐོ་འགོད་ གནང་དགོས་པ་དེ་དོན་གསལ་བསྒྲགས་ཞུ། གོང་གསལ་སྨན་པ་གྲངས་༥༠ ལས་བོད་ཀྱི་སྨན་རྩིས་ཁང་སྒྲིག་ཁོངས་ཧི་མཱ་ཅལ་ མངའ་སྡེ་དང་དེའི་ཉེ་འཁོར་གྱི་སྨན་པ་གྲངས་༣༠ ལ་རྐུབ་སྟེགས་ཟུར་བཅད་ཡོད་པས་བོད་ཀྱི་སྨན་རྩིས་ཁང་སྒྲིག་ཁོངས་ཡོད་པའི་ སྨན་པ་རྣམས་ནས་ཐོ་འགོད་མི་དགོས། གཞན་རྐུབ་སྟེགས་གྲངས་༢༠ ཡོད་པ་དེ་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ལ་ཡིན་པས་ མཚན་ཐོ་སྔ་རིམ་བཞིན་སྨན་པ་གྲངས་༢༠ ཐོ་འགོད་ཞུ་རྒྱུ་ཡིན། ཟབ་སྦྱོང་ཆེད་ལམ་གྲོན་དོད་ (Travel Allowance – Train AC III Tier མེ་འཁོར་ཨང་གསུམ་པ། / Volvo Bus) དང་བཞུགས་ཡུལ་མགྲོན་ཁང་དང་ཉིན་དགུང་ཞལ་ལག་བཅས་གོ་སྒྲིག་ ཡོད་པ་དེ་དོན་གསལ་བསྒྲགས་ཞུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་༢༠༢༠ ཟླ་༢ ཚེས་༡༤…
སྨན་པའི་ས་དམིགས་གསལ་བསྒྲགས།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསལ་བསྒྲགས་ཞུ་རྒྱུར། ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་དགོངས་དོན་འདི་ག་ བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་དུ་ཆེད་ལས་སྨན་པ་ཞིག་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུའི་ཐག་གཅོད་བྱུང་ ཡོད་ན་གཤམ་གསལ་ཆ་རྐྱེན་ཚང་ཞིང་བཞུགས་འདོད་ཡོད་པ་རྣམས་ནས་ཕྱི་ལོ་༢༠༢༠ ཟླ་༢ ཚེས་༢༠ འགྱངས་མེད་ཞུ་སྙན་ འགེངས་ཤོག་དང་མཉམ་སྦྱར་ཡིག་ཆ་བཅས་འབུལ་དགོས་པ་དང་། ལས་གནས་ལས་འགན་དང་ཕོགས་ཐོབ་སོགས་གཤམ་ གསལ་ལྟར་ཡིན་པ་དེ་དོན་གསལ་བསྒྲགས་ཞུ། ༡། ལས་གནས། ཆེད་ལས་སྨན་པ། ༢། ངོ་བོ། ཆོད་གན་ལས་བྱེད། ༣། ཤེས་ཚད། དམའ་མཐར་དཀའ་བཅུ་པ་སློབ་ཐོན། ༼ཨིན་ཡིག་འབྲི་ཀློག་ཡག་པོ་ཡོད་པ།༽ ༤། དགོས་ངེས་ཆ་རྐྱེན་ཡིག་ཆ། ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པ་དང་ཚོགས་དངུལ་འབུལ་ཆད་ཡོད་པ་མ་ཡིན་པ། སྨན་པ་དཀའ་བཅུ་པའི་སློབ་ཐོན་ལག་འཁྱེར་ངོ་བཤུས། རྒྱ་གར་དུ་གནས་སྡོད་ཆོག་པའི་ཡིག་ཆའི་ངོ་བཤུས། དཔྱ་ཁྲལ་ལག་དེབ་ངོ་བཤུས་དང་དཔྱ་ཁྲལ་འབུལ་ཆད་ཡོད་པ་མ་ཡིན་པ། གལ་ཏེ་ཚོགས་པ་གཞན་ནང་ཕྱག་ལས་གནང་གི་ཡོད་ཚེ་ཚོགས་པ་དེ་ནས་འགག་ཆ་མེད་པའི་ཡེ་གེ་བཅས། ༥། ལས་འགན། རྩོམ་སྒྲིག་དང་ཡིག་ཆ་མཁོ་སྒྲུབ་སོགས། ༦། གླ་ཕོགས་ཐོབ་ཐང་། ཟླ་རེར་ཧིན་སྒོར།༢༥༠༠༠།༠༠ ཁང་དོད་ལྷན་ཚོགས་ཀྱི་སྒྲིག་གཞིར་ལྟར་འབུལ་རྒྱུ། ༼གླ་ཕོགས་དང་ཁང་དོད་ལས་ཐོབ་ཐང་གཞན་ཆོད་གན་ལས་བྱེད་སྤྱི་མཚུངས་ཐོབ་རྒྱུ།༽ ༧། དྲི་རྩད་དུས་ཚེས་དང་ས་གནས། ཕྱི་ལོ་༢༠༢༠ ཟླ་༣ ཚེས་༢…
གལ་ཆེའི་གསལ་བསྒྲགས།
༄༅། །རྒྱ་ཆེ་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་འཚོ་བྱེད་སྨན་པ་ཡོངས་ལ། ཆེད་ཞུ། འདི་ག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ཚོགས་མི་ཡོངས་ནས་ལྷན་རྒྱས་ཕྱི་ལོ་གསར་བཞེད་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཉེ་བའི་ལྷན་ཚོགས་ཀྱི་ཟླ་རེའི་༼༢༠༢༠།༡།༡༥༽ཚོགས་འདུའི་ཐོག་གྲོས་ཆོད་བྱུང་དོན། གསོ་བ་རིག་པའི་ལྷན་ཚོགས་ནས་གཤམ་གསལ་གྲོས་གཞིའི་ཐོག་དམིགས་བསལ་ཚོགས་འདུ་ ཞིག་བསྐོང་འཚོག་གནང་གཏན་འཁེལ་ཡོད་ན་གཤམ་གསལ་གནད་དོན་ཐོག་འཚོ་བྱེད་སྨན་པ་རྣམས་ནས་དགོངས་འཆར་དགོངས་ཚུལ་ཅི་ཡོད་ཕྱི་ལོ་༢༠༢༠ ཟླ་༢ ཚེས་༥ འགྱངས་མེད་ལྷན་ཚོགས་སུ་ཡིག་ཐོག་ནས་གནང་དགོས་པ་དེ་དོན་གསལ་བསྒྲགས་ཞུ། ལྷན་ཚོགས་ནས་གསོ་རིག་སློབ་གཉེར་ཁང་དང་དེ་བཞིན་ས་གནས་འབྲེལ་མཐུད་པ་རྣམས་ལ་ཁྱབ་ཁོངས་སྨན་པ་རྣམས་ཚོགས་འདུ་བསྐོང་ཚོགས་ཀྱིས་དགོངས་ཚུལ་བསྡུ་གནང་ཡོང་བ་ཞུས་ཡོད་པས་སྨན་པ་རྣམས་ནས་སོ་སོའི་དགོངས་ཚུལ་ས་གནས་འབྲེལ་མཐུད་པ་བརྒྱུད་གནང་ནའང་འགྲིག་པ་དེ་དོན་དགོངས་འཇགས་ཞུ། གྲོས་གཞི། ༡། བོད་ཀྱི་གསོ་བ་རིག་པའི་ངོ་བོ་སྲུང་སྐྱོབ། ༼དོན་གནད། ཉེ་བའི་ཆར་རྒྱ་གར་དབུས་གཞུང་ནས་གསོ་བ་རིག་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཁོངས་ཐོ་འགོད་དེབ་སྐྱེལ་དང་འབྲེལ་བ།༽ ཞིབ་ཕྲའི་ཡིག་ཆ་ཟུར་སྦྱར་ཞུས་ཡོད། ༢། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་ནུས་ལྡན་སྲ་བརྟན་ཡོང་ཐབས། ༼དོན་གནད། གསོ་རིག་ལྷན་ཚོགས་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་ཆེད་འཛུགས་གནང་དོན་ལྟར་ལྷན་ཚོགས་འདི་འབྱུང་འགྱུར་ནུས་པ་དང་ལྡན་པ་སྲ་བརྟན་ཚགས་ཚུད་གནས་ཐབས།༽ གོང་གསལ་གྲོས་གཞིའི་ཐོག་དྲི་བ་ཡོད་ཚེ་ལྷན་ཚོགས་ཀྱི་ཁ་པར་ཨང་གྲངས་འདིའི་ཐོག་ (0091-1892-226462) འབྲེལ་བ་གནང་རོགས་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༢༠ ཟླ་༡ ཚེས་༡༨ ལ་ཕུལ།། གསོ་རིག་ལྷན་ཚོགས་ནས་ཁྱབ་ཁོངས་སྨན་པ་རྣམས་ལ་གསལ་བསྒྲགས་དང་མཉམ་སྦྱར་ཡིག་ཆ་ཁག་བཅས་བཏང་ཡོད་ན་ཞིབ་ཕྲའི་ཡིག་ཆ་གློག་འཕྲིན་ནས་གཟིགས་ཀློག་ཡོང་བ་ཞུ། གལ་ཏེ་ཚོགས་མི་གང་ཞིག་ལ་གློག་འཕྲིན་འབྱོོར་མེད་ཚེ་ལྷན་ཚོགས་ཀྱི་གློག་འཕྲིན་ཁ་བྱང་འདིའི་ཐོག་ cctm2004@gmail.com སོ་སོའི་གློག་འཕྲིན་ཁ་བྱང་གཏོང་གནང་ཡོང་བ་ཞུ།
གལ་ཆེའི་བཀོད་ཁྱབ།
གལ་ཆེའི་བཀོད་ཁྱབ། ༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་གི་སློབ་སྤྱི་འགན་འཛིན་ལྷན་ རྒྱས་མཆོག་ལ། ཆེད་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་འདུ་སྔ་ཕྱི་རིམ་པའི་ནང་གྲོས་བསྡུར་བྱུང་དོན་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ ནས་གསོ་རིག་སློབ་གཉེར་ཁང་བཞི་ནས་ཕྱི་ལོ་༢༠༡༧ བར་གྱི་སློབ་ཐོན་སྨན་པ་རྣམས་དེ་གའི་ཁྲིམས་སྒྲིག་འོག་དེབ་སྐྱེལ་གནང་སྒོ་ཚུགས་ཟིན་ཡོད་ན་འདི་ག་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༥ ཚེས་༡༤ཉིན་ཡིག་ཨང།ང།༣༢།༢༠༡༨་་༡༩ བཏང་གནས་ ༼མཉམ་སྦྱར་༽ནང་གསལ་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ནས་སྨན་པ་དེབ་སྐྱེལ་ཆེད་སློབ་ཐོན་སྨན་པ་རྣམས་ཀྱི་ལག་འཁྱེར་སྟེང་ཐོན་ཁུངས་མཐོ་སློབ་སློབ་སྤྱིས་དག་མཆན་(Verify)བཀོད་དགོས་ཀྱི་ཡོད་པས་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་གསོ་ རིག་སློབ་གཉེར་ཁང་ནས་གོང་ཞུས་དག་མཆན་མ་བཀོད་གོང་དེབ་སྐྱེལ་ཞུ་སྙན་བ་དོ་བདག་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་དགག་ཆ་མེད་པའི་ཡེ་གེ་ཞིག་ངེས་པར་ཞུ་དགོས་པ་དེ་དོན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གྲོས་ཆོད་བྱུང་ཡོད་ན་འབྲེལ་ཡོད་སློབ་ཁང་ནས་དེ་དོན་རྣམ་གཡེང་དུ་མ་ཤོར་བར་གནང་དགོས་པ་བཀོད་ཁྱབ་ཞུ། ཆབས་ཅིག་ཉེ་བའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུའི་ཐོག་གྲོས་ཆོད་བྱུང་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༡༠།༥ ནང་གསལ་གསོ་རིག་ལྷན་ཚོགས་འོག་དེབ་སྐྱེལ་མེད་པའི་སྨན་པ་རྣམས་དབུས་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་ངོས་ལེན་མེད་ཅེས་གསལ་ཡོད་ན་གསོ་རིག་སློབ་གཉེར་ཁང་སོ་སོའི་སྒྲིག་ཁོངས་ན་ཡོད་པའི་སྨན་པ་གང་ཞིག་གསོ་རིག་ལྷན་ཚོགས་འོག་དེབ་སྐྱེལ་གནང་མེད་ཚེ་ངེས་པར་ལྷན་ཚོགས་འདིའི་འོག་དེབ་སྐྱེལ་གནང་དགོས་ཀྱི་ནན་ཏན་སྐུལ་མ་གཏོང་གནང་ཡོང་བ་ཞུ། མཇུག་དོན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་དང་ དེབ་སྐྱེལ་སྨན་པ་རྣམས་ནས་གསོ་རིག་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་དང་བཀོད་ཁྱབ་ལ་བརྩི་བཀུར་དང་ལེན་ཞུ་དགོས་པ་དང་། འབྱུང་འགྱུར་ལྷན་ཚོགས་འདི་དོན་དོན་མཐུན་སྲ་བརྟན་གནས་ཐབས་སུ་འབྲེལ་ཡོད་སྨན་པ་དང་རིག་གཞུང་ བསྟི་གནས་ཁང་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་གཅིག་སྒྲིལ་ནུས་ཐོན་ཐུབ་ཐབས་དགོས་པ་དེ་དོན་དགོངས་འཇགས་ཞུ་བ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༢༠ ལ་ཕུལ།།