Central Council of Tibetan Medicine

སྨན་པའི་དེབ་སྐྱེལ་ལག་འཁྱེར་གསར་བཟོ་དང་འབྲེལ་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་ ༢༠༠༦ ནས་གསོ་རིག་སྨན་པ་ རྣམས་དེབ་སྐྱེལ་ཞུ་སྤྲོད་འགོ་འཛུགས་ཀྱིས་ད་བར་ཁྱོན་སྨན་པ་གྲངས་ ༥༤༨ ལྷན་ཚོགས་འོག་དེབ་ སྐྱེལ་ཞུས་སྤྲོད་ཟིན། ཕྱི་ལོ་ ༢༠༡༥ ལོར་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་སོང་བ་ལས་ལྷན་ ཚོགས་ཀྱི་མཚན་བྱང་དེ་སྔ་༼བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ ཚོགས་༽ཅེས་པ་ལས་༼བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་༽སུ་བསྐྱར་བཅོས་ཕྱིན་ཡོད་ན་ལྷན་ ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་དགོངས་དོན་འདི་ལོ་ནས་སྨན་པའི་དེབ་སྐྱེལ་ལག་འཁྱེར་རྙིང་པའི་ དུས་ཚོད་དེའང་གཙང་བ་བསྟུན་འདི་ནས་དེབ་སྐྱེལ་ལག་འཁྱེར་གསར་པ་བཟོ་གཏན་འཁེལ་བ་བཞིན་ བཟོས་བསྐྲུན་ཟིན་ཡོད་ན་དེབ་སྐྱེལ་སྨན་པ་རྣམས་ནས་དེབ་སྐྱེལ་ལག་འཁྱེར་གསར་པ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡ ནང་ཚུད་བཟོ་གནང་ཡོང་བའི་གསལ་བསྒྲགས་ཞུ།། དེབ་སྐྱེལ་ལག་འཁྱེར་གསར་བཟོའི་དོད་སོགས་གཤམ་གསལ་དྲ་རྒྱའི་ཁ་བྱང་ཐོག་གཟིགས་གནང་ཡོང་བ་ཞུ་བ་དང་ལག་འཁྱེར་གསར་བཟོ་དང་འབྲེལ་དོགས་འདྲི་ཡོད་ཚེ་ལྷན་ཚོགས་སུ་ཁ་པར་ ༼༠༡༨༩༢་་་ ༢༢༦༤༦༢༽ དང་གློག་འཕྲིན་བརྒྱུད་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༤ ལ་ཕུལ།། Website link: དེབ་སྐྱེལ་གནང་སྟངས།  

ཐོན་རྒྱུགས་ཆེན་མོར་རྟོགས་ཞིབ་ཆེད་བསྐྱོད།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༥ ཉིན་ལྷན་ཚོགས་ཀྱི་ཚོགས་གཙོ་ ཉིན་གྲངས་ཅིག་རིང་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུ་དེ་གའི་སྐབས་གསུམ་པའི་སྨན་སློབ་རྣམས་ཀྱི་ཐོན་རྒྱུགས་ ཆེ་མོར་བལྟ་ཞིབ་ཆེད་དུ་བསྐྱོད། བལྟ་ཞིབ་སྐབས་གཙོ་བོ་མཐོ་སློབ་ཏུ་ཡིག་རྒྱུགས་ཚོགས་ཆུང་ཟུར་དུ་ཡོད་མེད། ཡོད་ཚེ་ཚོགས་ཆུང་གི་ཚོགས་མིའི་མཚན་གཞུང་། ༼ཟུར་འཛར།༡༽ཐོན་རྒྱུགས་ཀྱི་དྲི་ཤོག་བཟོ་མཁན།༼དྲི་ཤོག་ཆ་ཚང། ཟུར་འཛར།༢༽ དཀའ་བཅུ་པའི་གཞུང་ཚད་ནང་གསལ་ སློབ་ཚན་ཆ་ཚང་ཡོད་མེད། ཐོན་རྒྱུགས་ཡིག་རྒྱུགས་མ་འཕྲོད་མཁན་རྣམས་བསྐྱར་རྒྱུགས་གཏོང་ཕྱོགས། ཐོན་རྒྱུགས་སྐབས་རྒྱུད་ གསུམ་ལྟ་བུ་འབུམ་གསུམ་ངག་རྒྱུགས་ཕུལ་སྲོལ་དང་ད་བར་ཕུལ་བ་བྱུང་ཡོད་མེད། གཞན་ཡང་ཐོན་རྒྱུགས་སྐབས་སྲོལ་རྒྱུན་བྱེད་ སྒོ་གཞན་ཡོད་མེད། ཐོན་རྒྱུགས་སྐབས་ཕྱི་མི་གཞན་ གཟིགས་ཞིབ་ལ་ཕེབས་ཀྱི་ཡོད་མེད་སོགས་དྲི་རྩད་རྒྱུད་ལོན་བྱས། སྐབས་ འདིའི་ཐོན་རྒྱུགས་སུ་བཞུགས་མཁན་སྨན་སློབ་གྲངས་བཞི་ཡོད་པ་དང་། ཁྱོན་དྲི་ཤོག་དང་ངག་རྒྱུགས་བཅས་བསྡོམས་གྲངས་ ༡༤ ཐོན་རྒྱུགས་ཀྱི་དྲི་ཤོག་གཅིག་ཕུད་གཞན་རྣམས་བལ་ཡུལ་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་བཟོ་སྒྲིག་གནང་། སློབ་ ཚན་རྩ་འཛིན་སྒྲིག་གཞི་ནང་བསྐྱར་རྒྱུགས་གཏོང་ཕྱོགས་དང་འབྲེལ་དམིགས་བསལ་གསལ་ཁ་མེད་པ་དེ་དོན་མཐོ་སློབ་སྒྲིག་གཞི་ ནང་གསལ་ཁ་སྟོན་གལ་ཆེ་བ་ཞུས། དེ་གའི་སློབ་ཁང་ནས་ད་བར་རྒྱུད་གསུམ་ལྟ་བུ་འབུམ་གསུམ་རྒྱུགས་ཕུལ་མཁན་བྱུང་མེད་ ལུགས་བརྗོད། ཐོན་རྒྱུགས་ཆེན་མོའི་སྐབས་དེ་གའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་གསོ་རིག་ལྷན་ཚོགས་ཀྱི་ཚོགས་ མི་ཕུད་གཞན་ཕྱི་མི་གཟིགས་ཞིབ་ཏུ་ཕེབས་ཀྱི་མེད་པ་གསུངས། ཡིག་རྒྱུགས་ཀྱི་དུས་ཡུན་མཐོ་སློབ་གཅིག་མཚུངས་ཆུ་ཚོད་ ༣ དགོས་གལ་ཆེ། ཡིག་རྒྱུགས་ལྟ་ཞིབ་རྗེས་མཐོ་སློབ་འགན་འཛིན་དང་སློབ་དགེ་བཅས་མཉམ་བཀའ་བསྡུར་དང་སྦྲགས་དགེ་སློབ་དང་འཛིན་སྐྱོང་ནས་སློབ་མའི་ཤེས་ཡོན་སྤུས་ཚད་གོང་མཐོར་གཏོང་སླད་མཐུན་འགྱུར་དང་དུས་ནས་དུས་སུ་སློབ་སྟོན་གནང་གལ། གཞན་ཡང་མཐོ་སློབ་ ཀྱི་སློབ་དུས་རྫོགས་མཚམས་དགེ་སློབ་རྣམས་རྗེས་ལོའི་སློབ་ཚན་བཀོད་སྒྲིག་དང་སློབ་ཚན་ནང་གསལ་སྨན་སྦྱོར་དང་གཏར་སྲེག་སོགས་དཔྱད་བཅོས་རྣམས་དམར་འཁྲིད་ལག་ལེན་འཁེལ་བ་ཡོང་རྒྱུར་ཆེད་མཁས་གདན་ཞུ་དང་།…

རྩོམ་བསྡུའི་གསལ་བསྒྲགས།

རྩོམ་བསྡུའི་གསལ་བསྒྲགས། དགོངས་གསལ་བཞིན་ཕྱི་ལོ་༢༠༡༩ ནས་ལོ་ལྟར་ཟླ་༩ ཚེས་༡༡ དེ་གསོ་བ་རིག་པའི་ཉིན་མོ་ཞེས་སྲུང་ རྩི་ཞུ་བཞིན་ཡོད་ན་འདི་ལོ་༢༠༢༢ ཟླ་༩ ཚེས་༡༡ དེ་བཞིན་གསོ་བ་རིིག་པའི་ཉིན་མོ་སྲུང་རྩི་ཐེངས་བཞི་ པ་དེ་ཆགས་ཀྱི་ཡོད། ཉིན་མོ་སྲུང་རྩི་དང་འབྲེལ་གསོ་རིག་ལྷན་ཚོགས་ནས་གསོ་རིག་ཆེད་རྩོམ་ཕྱོགས་ བསྡུས་དེབ་རེ་དཔར་བསྐྲུན་འགྲེམས་སྤེལ་ཞུ་བཞིན་ཡོད་ན་རྒྱ་ཆེ་གསོ་བ་རིག་པའི་སྨན་པ་རྣམས་ནས་ གསོ་བ་རིག་པའི་གཞུང་དང་ལག་ལེན། བརྟག་དཔྱད་སྨན་བཅོས། སྨན་རྒྱུ་སྨན་སྦྱོར། གསོ་རིག་ལོ་རྒྱུས། ནད་བཅོས་ཉམས་ཞིབ། གཞན་ཡང་འཕྲོད་བསྟེན་སྤྱི་ཤེས་དང་འབྲེལ་ཆེད་རྩོམ་མམ་དཔྱད་རྩོམ་མཆིས་ཚེ་ ལྷན་ཚོགས་ཀྱི་གློག་འཕྲིན་ཁ་བྱང་འདིའི་<cctm2004@gmail.com>ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༥ འགྱངས་མེེད་བསྐུར་གནང་ཡོང་བའི་གསལ་བསྒྲགས་ཞུ། ཆེད་རྩོམ་མམ་དཔྱད་རྩོམ་སྐད་ཡིག་བོད་ཨིན་གང་རུང་། བོད་ཡིག་སྨོན་ལམ་ཡིག་གཟུགས་ཆེ་ཆུང་ཨང་ ༡༤ ཨིན་ཡིག་ Times Roman 12 ཐོག་བསྐུར་གནང་ཡོང་བ་ཞུ། ལྷན་ཚོགས་ནས་རྩོམ་སྒྲིག་ཚོགས་ཆུང་ ཟུར་འཛུག་གིས་མཐའ་མའི་རྩོམ་འདེམས་སྒྲུག་བྱུང་བ་རྣམས་དོ་བདག་ལ་འབྲེལ་ཞུས་ཀྱིས་འདོན་སྤེལ་ཞུ་རྒྱུ་ཡིན་པ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༢༢ ཟླ་༥ ཚེས་༢༤ ལ།།  

ལྷན་ཚོགས་ཚོགས་ཐེངས་༣༦ པ་བསྐོང་ཚོགས་ཞུས་པ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༢༢ ཟླ་༥ ཚེས་༡༡ ནས་ཚེས་༡༣ བར་ཉིན་ གསུམ་རིང་ལྷན་ཚོགས་ཚོགས་ཐེངས་༣༦ པ་དེ་བསྐོང་ཚོགས་ཞུས། ཚོགས་འདུའི་གྲོས་གཞི་གཙོ་བོ་བོད་ཀྱི་གསོ་བ་ རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་། དེ་བཞིན་ཁྲིམས་སྒྲིག་དགོངས་དོན་ལས་དོན་བསྐྱར་ཞིབ། ཁྲིམས་ཡིག་བསྐྱར་ བཅོས་འཆར་འབུལ། གཡུ་ཐོག་གཟེངས་རྟགས་འདེམ་སྒྲུག་ཚོགས་ཆུང་གི་ཚོགས་མི་དང་ལས་རིམ། གསོ་བ་རིག་པའི་ ཉིན་མོ་སྲུང་བརྩི་ཐེངས་བཞི་དང་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་བསྐོང་འཚོག་ དང་འབྲེལ། དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་དུ་རྟོགས་ཞིབ་གནང་བའི་ལས་བསྡོམས་ སྙན་ཐོར་གཟིགས་ཞིབ་ཐག་གཅོད། དེ་བཞིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྟོགས་ཞིབ་གནང་བའི་ལས་ བསྡོམས་སྙན་ཐོར་གཟིགས་ཞིབ་ཐག་གཅོད། ལྷན་ཚོགས་སྐབས་བདུན་པའི་ཚོགས་མིའི་འོས་བསྡུ་དང་འབྲེལ་ལས་རིམ་ དང་རྩིས་སྤྲོད་རྩིས་ལེན་དུས་ཚེས། གཞན་ཡང་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་རྣམ་པའི་འཚོ་སྣོན་དང་ཚོགས་དོད། འགྲུལ་ཁང་གླ་དོད་སོགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིར་བསྐྱར་ཞིབ་བསྐྱར་བཅོས་ཞུས་ཡོད། ལྷན་ཚོགས་ཚོགས་ ཐེངས་༣༦ པ་འདིའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། མཐོ་སློབ་ཁག་གི་སློབ་སྤྱི། གསོ་རིག་འབུམ་བཞིའི་ སྨན་པའི་སྐུ་ཚབ་དང་བོད་རིགས་མ་ཡིན་པའི་སྨན་པའི་སྐུ་ཚབ་བཅས་ངོ་བཅར་མཉམ་བཞུགས་གནང་ཡོད། ཚོགས་འདུའི་ མཇུག་སྡོམ་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་མཆོག་དང་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ གདན་ཞུས་ཀྱིས་ལྷན་ཚོགས་ཀྱི་ལས་དོན་སྙན་གསེང་དང་བཀའ་བསྡུར་ཞུ་སྒོ་ཁག་ལ་བཀའ་བསྡུར་ཞུས་པ་བཅས་ལྷན་ཚོགས་ཚོགས་ཐེངས་༣༦ པ་ལེགས་པར་མཇུག་སྒྲིལ།།

དཔལ་སྤུངས་གསོ་རིག་མཐོ་སློབ་ཏུ་རྟོགས་ཞིབ་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༢༢ ཟླ་༥ ཚེས་༧ ཉིན་འདི་ནས་རྟོགས་ཞིབ་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་ཆུང་གི་ཚོགས་མི་རྣམས་དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་དུ་རྟོགས་ཞིབ་ཆེད་བསྐྱོད་གནང་། ཚོགས་ཆུང་གི་ཚོགས་མིར་ལྷན་ཚོགས་ཀྱི་ཚོགས་གཞོན་སྨན་རམས་པ་ཆོས་ལོ་ཐར་ལགས་དང་༼གཙོ་སྐྱོང་༽ ལྷན་ཚོགས་ཚོགས་མི་སྨན་པ་ཐོགས་མེད་ལགས། སྦིར་འཕྲོད་བསྟེན་སྨན་ཁང་གི་སྨན་པ་ཡོན་ཏན་མཚོ་མོ་ལགས། སྦིར་སྡེ་དགེ་ས་གནས་འགོ་འཛིན་སྐུ་ཞབས་ཚེ་རིང་ཕུན་ཚོགས་ལགས་བཅས་ཡིན། རྟོགས་ཞིབ་ལས་རིམ་གྱི་ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་རྟོགས་ཞིབ་ཀྱི་དམིགས་ཡུལ་དང་ཚོགས་མི་རྣམས་ངོ་སྤྲོད་ཞུས། དེ་རྗེས་མཐོ་སློབ་སློབ་སྤྱི་སྨན་རམས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས་ནས་མཐོ་སློབ་ཀྱི་ངོ་སྤྲོད་དང་དེབ་སྐྱེལ་འགེངས་ཤོག་ནང་གསལ་ཡིག་ཆ་རྣམས་གསལ་དཀྲོལ་དང་འབྲེལ་སློབ་འཁྲིད་སློབ་ཚན་དང་བྱེད་སྒོ་ཁག་ངོ་སྤྲོད་ཞུས། དེ་ནས་ཚོགས་མི་རྣམས་མཐོ་སློབ་ཀྱི་བརྟག་དཔྱད་སྨན་ཁང་དང་འཇམ་དཔྱད་སྡེ་ཚན། ཡིད་འཕྲོག་སྨན་གྱི་ལྡུམ་ར་བདུད་རྩིའི་གཏེར་མཛོད་དབུས་ཕྱོགས་ལྟ་ན་སྡུག་གི་ཚལ། ཡིད་འཕྲོག་ལྡུམ་ར་བདུད་རྩི་གཏེར་མཛོད་ཤར་ཕྱོགས་བི་མ་ལའི་ཚལ། གསོ་རིག་གཡོས་སྦྱོར་ཁང་དང་ལུས་རྩལ་རྩེད་ཐང་། གདན་སའི་དཔེ་མཛོད་ཆེན་མོ། རིག་དངོས་འགྲེམས་སྟོན་ཁང་། ཡིད་འཕྲོག་ལྡུམ་ར་བདུད་རྩིའི་གཏེར་མཛོད་ནུབ་ཕྱོགས་མ་ལ་ཡའི་ཚལ། གསོ་རྩིས་འགྲེམས་སྟོན་ཁང་། མཐོ་སློབ་ཡིག་ཚང་། སྨན་སྦྱོར་ཁང་། འཛིན་ཁང་། གཡུ་ཐོག་མཆོད་ཁང་། སྡེ་ཚན་གྱི་དཔེ་མཛོད་དང་དཔེ་ཆ་བལྟ་ཀློག་ཁང་བཅས་ཁྱོན་ཡོངས་ལ་གཟིགས་ཞིབ་ལེགས་པར་གནང་ནས་ཕྱི་དྲོ་ཆུ་ཚོད་༤།༣༠ ཙམ་ལ་མཇུག་བསྡོམས་གནང་། བོད་ཀྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པའི་སློབ་གཉེར་ཁང་ངོས་ལེན་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་དགོངས་དོན་རྟོགས་ཞིབ་ཚོགས་ཆུང་གི་ལས་བསྡོམས་དང་རྒྱབ་གཉེར་ཡིག་ཆ། དེ་བཞིན་རྟོགས་ཞིབ་ཚོགས་མི་རང་ངོས་ཀྱི་དགོངས་ཚུལ་འགེངས་ཤོག་བཅས་ལྷན་ཚོགས་ཀྱི་ཡིག་ཚང་དུ་གནང་འབྱོར་བྱུང་བར་ལྷན་ཚོགས་ཚོགས་ཐེངས་༣༦ པའི་ཐོག་གོང་གསལ་ཡིག་ཆ་ཁག་ལ་གཟིགས་ཞིབ་གྲོས་བསྡུར་གྱིས་ཐག་གཅོད་ཞུ་རྒྱུ་བཅས།།