Central Council of Tibetan Medicine

ཡིད་སྐྱོའི་གནས་ཚུལ།

ད་ཉིན་བོད་རྒྱལ་ལོ་༢༡༤༦ རབ་གནས་ས་ཕག་ལོའི་དབྱུག་ཟླ་བའི་ཚེས་༣༠ སྤྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༦ སྔ་དྲོའི་ཆུ་ཚོད་༢།༥༣ ཐོག་༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་ཀྱི་གསོ་བ་རིག་པའི་རྗེས་འཛིན་སྨན་པ་ཡོངས་ནས་མྱ་ངན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུ། དམ་པ་མཆོག་སྐུ་ཉིད་ནམ་ཡང་བསླུ་བ་མེད་པའི་མཆོག་གསུམ་ཐུགས་རྗེའི་སྟོབས་ཀྱིས་མཐར་ཐུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པ་དང་གནས་སྐབས་བདེ་འགྲོ་ལྷ་མི་དང་ཡང་སྒོས་དལ་འབྱོར་མི་ལུས་རིན་ཆེན་བདེ་བླག་ཏུ་རྙེད་ཅིང་དམ་པ་ཁོང་གིས་རྟག་ཏུ་སྙིང་གི་ཞེན་དོན་གསོ་བ་རིག་པའི་སྒོ་ནས་འགྲོ་དོན་བསྐྱངས་པའི་མཛད་པ་འདི་ཉིད་རྣམ་བྱང་ས་ཡི་བར་དུ་འགྲུབ་པའི་གསོལ་འདེབས་དང་། འགྲོ་བ་ནད་པའི་མགོན་སྐྱབས་དམ་པར་མྱུར་དུ་འབྱོན་པའི་སྨོན་ལམ་ཞུ་བ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༦ ལ།།

༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་གི་སྐུ་ཚེ་ལོ་རྒྱུས་སྙིང་བསྡུས།

༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཕྱི་ལོ་༡༩༢༧ ཟླ་༥ ཚེས་༡༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ངོས་སུ་ཆགས་པའི་ལྷོ་ཁ་ཡར་འབྲོག་སྣ་དཀར་རྩེ་རྫོང་ཁོངས་ལྷུན་པོ་གཞོལ་གྲོང་ཚོའི་ཁང་གསར་གོང་མ་ཞེས་པར་རྔོག་ཆོས་སྐུ་རྡོ་རྗེ་དང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གཉིས་ཀྱི་གདུང་བརྒྱུད་ལས་མཆེད་པའི་ཁྱིམ་བརྒྱུད་ཆེན་པོ་ཞིག་ཏུ་ཡབ་བཀྲ་ཤིས་ཚེ་རིང་དང་ཡུམ་མེ་ཏོག་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་དྲུག་ཙམ་ནས་སློབ་གཉེར་གསན་མགོ་གནང་བ་དང་། དགུང་ལོ་༡༢ ཐོག་ལྷན་ལྡན་སྨན་རྩིས་ཁང་ཁང་དུ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་༸སྐུའི་བླ་སྨན་མཁས་དབང་མཁྱེན་རབ་ནོར་བུ་སོགས་བསྟེན་ནས་སྨན་རྩིས་རིག་གནས་མཐའ་དག་ལ་སྦྱང་བརྩོན་གནང་ནས་དགུང་ལོ་ཉི་ཤུའི་ཐོག་བསླབ་པ་མཐར་ཕྱིན་མཛད།

ཕྱི་ལོ་༡༩༤༧ལོར་སློབ་མཐར་སོན་རྗེས་བོད་ལྷོ་ཁ་ལྷོ་བྲག་ཁུལ་དུ་སྨན་པའི་ཕྱག་ལས་ཐོག་མ་གནང། དེ་ཚེ་ལྷོ་ཁ་ཁུལ་དུ་བཅོས་དཀའི་ནད་ཡམས་ཤུགས་ཆེ་ཁྱབ་ནས་རིམས་ནད་ཀྱིས་འཆི་རྐྱེན་མང་པོ་བྱུང་བར་བརྟེན་རང་རིག་ རྩལ་བཏོན་གྱི་སྨན་གསར་བཟོ་མཛད་དེ་ནད་པ་མང་པོར་སྨན་བཅོས་གནང་བར་ཕན་འབྲས་བཟང་པོ་ཐོབ་ནས་སྨན་པ་མཁས་པའི་མཚན་སྙན་རྒྱ་ཆེར་ཁྱབ།

ཕྱི་ལོ་༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཕྱི་ལོ་༡༩༦༡ ལོར་བཞུགས་སྒར་རྡ་རམ་སཱ་ལཱར་བོད་གཞུང་སྨན་རྩིས་ཁང་ཐོག་མར་གསར་འཛུགས་བསྐྱངས་པ་དང་སྦྲགས། སྨན་རྩིས་ཁང་གི་བརྟག་དཔྱད་སྨན་པའི་ཐུགས་འགན་བཞེས་ཏེ། སྨན་སྦྱིན་ཁང་ཞེས་པའི་སྨན་དགེ་དང་འགན་འཛིན་གཅིག་ལྕོག་མཛད། དེ་རྗེས་༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་༸སྐུའི་བླ་སྨན་མཛད་པར་མ་ཟད། ༸རྒྱལ་བའི་ཡོངས་འཛིན་རྣམ་གཉིས་དང་རྒྱལ་ཡུམ་ཆེན་མོ་སོགས་ལའང་བརྟག་དཔྱད་སྨན་བཅོས་ཀྱི་ཞབས་ཞུ་མཛད་པ་དང་། འབྲེལ་ཡོད་རྒྱ་གར་གྱི་ས་གནས་དཔོན་རིགས་ཁག་དང་ལྷག་པར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ལྕམ་སྐུ་ཨིན་དར་གྷན་དྷི་སོགས་ལ་བརྟག་དཔྱད་སྨན་བཅོས་མཛད་དེ་བླ་སྨན་པའི་མཚན་སྙན་རྒྱ་ཆེར་ཁྱབ་སྟེ་སྨན་རྩིས་ཁང་ཡར་རྒྱས་གོང་འཕེལ་གཏོང་ཐུབ་པ་བྱུང་ཡོད།

ཕྱི་ལོ་༡༩༦༧ ལོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སི་པན་རྒྱལ་ཁབ་ཁག་༧༥ འཐུས་མི་ལྷན་འཛོམས་ཀྱི་སྲོལ་རྒྱུན་སྨན་གྱི་ཚོགས་འདུའི་ཐོག་ཆེད་ཕེབས་གནང་སྟེ། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ངོ་སྤྲོད་སོགས་ཀྱི་གསུང་བཤད་དང། ནད་པར་བརྟག་དཔྱད་སྨན་བཅོས་གནང་བར་རྒྱལ་ཁབ་དེའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། ལྷག་པར་སི་པན་རྒྱལ་པོ་སྐུ་འཁོར་བཅས་པར་བརྟག་དཔྱད་སྨན་བཅོས་གནང་བ་མ་ཟད། ཁུལ་དེར་ བོད་ཀྱི་རྒྱལ་དར་ཐོག་མ་བསྒྲེངས་འཛུགས་ཀྱིས་བོད་དོན་ཁྱབ་སྤེལ་རྒྱ་ཆེར་གནང་།

སྤྱི་ལོ་༡༩༦༩ ལོར་སྨན་རྩིས་ཁང་ནས་དགོངས་ཞུ་མཛད་དེ་གཞུང་འབྲེལ་གསོལ་ཕོགས་ཞུ་མི་དགོས་པར་ཕྱིར་འབུལ་ཞུས་ཏེ་སྒེར་གྱི་སྨན་ཁང་གསར་འཛུགས་བསྐྱངས་པ་དང་སྦྲགས་༸རྒྱལ་བའི་བླ་སྨན་པའི་ཐུགས་འགན་དང་གསོལ་སྨན་ཞབས་ཞུ་ལེགས་པར་འབུལ་གནང་མཛད། སྤྱི་ལོ་༡༩༨༠ ལོར་༸རྒྱལ་བ་ཡིད་བཞིན་ནོར་བུའི་༸སྐུའི་བླ་སྨན་པའི་ཞབས་ཞུ་ལོ་ངོ་ཉི་ཤུ་ཙམ་རིང་བསྒྲུབས་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཕྲོད་བཞེས་ལ་འཐུས་ཤོར་གཏན་ནས་མེད་པར་ཞབས་ཞུ་ལེགས་པར་བསྒྲུབས་པའི་མཛད་རྗེས་ལ་བརྟེན་ནས་རྟག་ཏུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཧ་ཅང་གིས་དགྱེས་མཉེས་མཛད།

སྤྱི་ལོ་༡༩༨༠ ལོ་ནས་སྔ་ཕྱིར་ནུབ་ཕྱོགས་དང་ལྷག་པར་ཨ་རིར་ཕེབས་ནས་སངས་རྒྱས་སྨན་བླའི་ཚོགས་པ་གསར་འཛུགས་བསྐྱངས་ཏེ། ཨ་རིའི་ཝི་ཇི་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་བོད་སྨན་སློབ་འཁྲིད་བསྐྱངས་པ་དང་། དེ་གའི་ཡན་ལག་སྨན་ཁང་དུ་བོད་སྨན་ཐོག་ཚན་རིག་དང་མཐུན་པར་འབྲས་ནད་ཀན་སར་ནད་ལ་ཕྱི་ལུགས་དང་མཐུན་པར་ཞིབ་འཇུག་བྱས་ཏེ་བོད་སྨན་ཐོག་གྲུབ་འབྲས་ལེགས་ཐོན་བྱུང་། དེ་བཞིན་ཁོང་གི་དཔེ་དེབ་དཔར་བསྐྲུན་མཛད། སྤྱི་ལོ་༢༠༠༠ ལོར་ཨ་རིའི་སན་ཕོན་རན་ཀོའོ་ལ་བུད་མེད་ཀྱི་ནུ་མའི་འབྲས་ནད་ཀན་སར་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་མཛད་དེ་བོད་སྨན་གྱི་སྨན་སྦྱོར་གསར་བཟོའི་ལག་རྩལ་དང་བརྟག་དཔྱད་སྨན་བཅོས་ལ་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན་ཨ་རིའི་རྒྱལ་ཡོངས་བརྙན་འཕྲིན་དང་རླུང་འཕྲིན་ཁག་ནང་ཁྱབ་བསྒྲགས་བྱས་ཏེ་ཨ་རིའི་ཆེ་བསྟོད་ཀྱི་རྟགས་མའི་བྱ་དགའ་ཡང་ཐོབ་པ་བཅས་བོད་ཀྱི་གསོ་རིག་གི་ཁྱད་ཡོན་དང་། སྨན་བཅོས་ཀྱི་ལག་རྩལ། རིག་པའི་གཞུང་ལུགས་སོགས་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཆེས་ཐོག་མར་ཁྱབ་སྤེལ་མཛད་གནང་ཡོད།

སྤྱི་ལོ་༡༩༨༧ ལོར་བོད་གཞུང་སྨན་རྩིས་ཁང་ནས་སྨན་རམས་པ་ཆེ་བའི་ཕྱག་འཁྱེར་ཐོབ། སྤྱི་ལོ་༡༩༨༠ ནས་བཟུང་སྟེ་བོད་ནས་གསར་དུ་ཕེབས་པའི་བོད་མི་ཡོངས་དང་རྒྱ་བལ་འབྲུག་སོགས་རིས་མེད་གྲྭ་བཙུན་རྣམས་ལ་རིན་མེད་བརྟག་དཔྱད་དང་སྨན་སྦྱིན། དེ་བཞིན་སྨན་སྦྱིན་ཕྱེད་བཅག་སོགས་གནང་སྟེ་བོད་མི་སྟོང་ཕྲག་མང་པོར་བརྟག་དཔྱད་སྨན་བཅོས་མཛད། སྤྱི་ལོོ་༡༩༨༡ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་ཡོངས་སྨན་གྱི་ཚོགས་ཆེན་དུ་ཕེབས་ནས་བོད་སྨན་བརྟག་དཔྱད་དང་སྨན་བཅོས་མཛད་པ་དང་། དེ་བཞིན་གསུང་བཤད་ཀྱང་གནང་། དེང་རབས་ཚན་རིག་དང་མཐུན་པར་སྔ་ཕྱིར་༸སྐུའི་བླ་སྨན་མཆོག་དང་སྨན་སྦྱོར་སྨན་པ་བློ་བཟང་བསྟན་འཛིན་རྣམ་གཉིས་ཀྱིས་ཨ་རིར་བོད་སྨན་ཐོག་ཞིབ་འཇུག་དང་སྨན་བཅོས་གནང་བར་བརྟེན་གྲུབ་འབྲས་གཟེངས་སུ་ཐོན་ཐུབ་པར་ཨ་རིའི་ཁུལ་དུ་མཚན་སྙན་རྒྱས།

སྤྱི་ལོ་༢༠༡༢ ལོར་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་གཞུང་འབྲེལ་ངོར་བོད་ཀྱི་གསོ་རིག་བསྟན་པར་མཛད་རྗེས་རླབས་ཆེན་བཞག་གནང་མཛད་པའི་གཡུ་ཐོག་གཟེངས་རྟགས་འབུལ་བཞེས་གནང་བ་དང་། སྤྱི་ལོ་༢༠༡༦ ལོར་ལྷ་ལྡན་སྨན་རྩིས་ཁང་བཙུགས་ཏེ་ལོ་བརྒྱ་འཁོར་བ་དང་རྒྱ་གར་རྡ་རམ་སཱ་ལཱར་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བཞུགས་སྒར་སྨན་རྩིས་ཁང་བཙུགས་ནས་ལོ་ལྔ་བཅུ་ང་ལྔ་འཁོར་བའི་དུས་དྲན་ཐོག་༸རྒྱལ་བའི་བླ་སྨན་མཁྱེན་རབ་ནོར་བུ་མཆོག་ལ་གཟེངས་རྟགས་དང་། གང་གི་དངོས་སློབ་༸རྒྱལ་བའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་ལ་བོད་ཀྱི་སྨན་རྩིས་ཁང་གཞུང་འབྲེལ་གཟེངས་རྟགས་དེ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་ཐུགས་དགྱེས་མཉེས་ཆེན་པོས་གསོལ་བརྩལ་གནང་བ་བྱུང་ཡོད།

བོད་རྒྱལ་ལོ་༢༡༤༤ རྒྱལ་ཟླ་བའི་ཡར་ངོའི་ཚེས་༡༠ ཕྱི་ལོ་༢༠༡༨ ཟླ་༡ ཚེས་༢༦ རྒྱ་གར་འཕགས་པའི་ཡུལ་ དུ་མང་གཙོ་དབུ་བརྙེས་ནས་ལོ་ངོ་༦༩ འཁོར་བའི་མཛད་སྒོའི་ཐོག་༸རྒྱལ་བའི་བླ་སྨན་ཟུར་པ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་པདྨ་ཤྲི་གཟེངས་རྟགས་འབུལ་རྒྱུའི་གཞུང་འབྲེལ་གསལ་བསྒྲགས་གནང་བ་བཞིན་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ Rashtrapati Bhawan ཚོགས་ཁང་དུ་རྒྱ་གར་གི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིན་ད་དབུ་བཞུགས་ཐོག་གཞུང་འབྲེལ་གནད་ཡོད་མི་སྣ་མང་པོ་འདུ་འཛོམས་ཐོག་སྲིད་འཛིན་མཆོག་གི་ཕྱག་ནས་པདྨ་ཤྲི་གཟེངས་རྟགས་འབུལ་བཞེས་གནང་།

༸རྒྱལ་བའི་བླ་སྨན་ཟུར་པ་ཁོང་ཉིད་དགུང་གྲངས་དགུ་བཅུ་ཙམ་སོན་ནའང་ཉིན་རེར་སྨན་ཁང་དུ་ནད་པ་ལྔ་བཅུ་ནས་བདུན་བཅུའི་བར་བརྟག་དཔྱད་སྨན་བཅོས་སྐྱོང་བཞིན་བཅོས་ཐབས་མེད་པའི་འབྲས་ནད་ཀན་སར་ནད་པ་ཁྲི་ཁྲག་མང་པོར་ཚེ་སྲོག་གསར་པ་སྦྱིན་ནུས་པའི་སྨན་བཅོས་ལག་རྩལ་གྱི་གྲུབ་འབྲས་གཟེངས་སུ་ཐོན། ཕྱི་ལོ་༢༠༡༩ ཟླ་༤ ཚེས་༡ ནས་ཁོང་ཉིད་དགུང་ན་བགྲེས་པའི་རྐྱེན་གྱིས་བརྟག་དཔྱད་སྨན་བཅོས་ལས་འཁུར་མཚམས་འཇོག་གི་གསལ་བསྒྲགས་གནང་།

མདོར་ན་༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ནས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་གསོ་རིག་བྱ་བཞག་འཕེལ་རྒྱས་སླད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད་པ་དང་། ཉམས་ཐག་ནད་ཀྱིས་མནར་བའི་འགྲོ་བ་ནད་པ་འབུམ་ཕྲག་མང་པོ་ཚེ་སྲོག་སྐྱོབ་པའི་བྱ་གཞག་རླབས་པོ་ཆེ་མཛད་གནང་ཡོད་པ་བཅས་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་སུ།།