Central Council of Tibetan Medicine

ཨེ་ཤ་ཡའི་སྲོལ་རྒྱུན་སྨན་ལུགས་ཀྱི་ཚོགས་ཆེན་ཐོག་ཚོགས་བཅར་གཏམ་བཤད།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ཕྱི་ལོ་༢༠༡༦ ཟླ་༡ ཚེས་༣ ནས་ཚེས་༧ རྒྱ་གར་རྒྱལ་ས་པུ་ཎེ་རུ་ IASTAM INDIA ཡིས་གོ་སྒྲོག་འོག་ཨེ་ཤ་ཡའི་སྲོལ་རྒྱུན་སྨན་ལུགས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་བའི་ཐོག་ཚོགས་བཅར་གཏམ་བཤད་གནང་ཡོད

། ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་དེ་ཨེ་ཤ་ཡའི་རྒྱལ་ཁབ་ནང་ཨཱ་ཡུ་ཤའི་སྲོལ་རྒྱུན་སྨན་ལུགས་གཙོས་སྲོལ་རྒྱུན་སྨན་ལུགས་མང་པོ་ཡོད་པ་དག་དར་སྤེལ་དང་རྒྱལ་སྤྱིའི་ཐོག་ཆེས་མཐོང་ངོས་འཛིན་ཡོང་རྒྱུའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་སྲོལ་རྒྱུན་སྨན་ལུགས་འདྲ་མིན་ཐོག་དཔྱད་རྩོམ་དང་ཉམས་ཞིབ་ཡིག་ཆ། ཟབ་སྦྱོང། བརྗོད་གཞི་འདྲ་མིན་གྱི་ཚོགས་ཆུང་བཅས་གོ་སྒྲིག་ཞུས་འདུག

བོད་ཀྱི་གསོ་བ་རིག་པའི་ཐོག་ཚོགས་ཆུང་ཟུར་ཚོགས་ཞུས་པ་དེ་བཞིན་ཡུ་རོབ་ཉམས་ཞིབ་ལྷན་ཚོགས་ནས་Ratimed ཞེས་ཉམས་ཞིབ་ལས་འཆར་ཆེད་རོགས་དངུལ་གནང་ཡོད་པ་ཉམས་ཞིབ་ལས་གཞི་དེའི་ཆ་ཤས་སུ་གོ་སྒྲིག་ཞུས་པ་ཡིན་ཞིང་ཚོགས་ཆུང་འདིའི་ཐོག་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་དང་འབྲེལ་ཡོད་ཉམས་ཞིབ་པ་གྲངས་བདུན་གདན་ཞུས་གཏམ་བཤད་བྱས་ཡོད། ལྷན་ཚོགས་ཀྱི་དྲུང་ཆེ་ལས་ཐོག་པས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལས་དོན་ངོ་སྤྲོད་དང་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་དང། སློབ་གཉེར་ཁང། སྨན་སྦྱོར་ཁང་དང་སྨན་སྦྱོར་སྡེ་ཚན་ངོ་སྤྲོད། དེ་བཞིན་བོད་ཀྱི་གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་ཕྱོགས་དང་ཕྱིས་འབྱུང་ལས་གཞི་ལས་འཆར་བཅས་ངོ་སྤྲོད་ཞུས། གཞན་ཡང་ཚོགས་ཆུ་འདིའི་ནང་བོད་ཀྱི་སྨན་རྩིས་ཁང་ནས་སྨན་རྫས་སྤུད་ཚད་བཏང་འཛིན་ཐོག་གཏམ་བཤད་དང་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་སྨན་དགེ་རག་རྡོ་བློ་བཟང་བསྟན་འཛིན་ལགས་ནས་བོད་ཀྱི་གསོ་བ་རིག་པའི་ད་ལྟའི་གནས་བབ་ཐོག་གཏམ་བཤད་དང། ལ་དྭགས་ནས་སྨན་པ་པདྨ་འགྱུར་མེད་དང་དེ་བཞིན་སོག་པོ་སྨན་པ་གྲྭ་ཚང་ནས་སྣ་ཚོགས་རྡོ་རྗེ་དང་འབྲུག་ནས་སྐུ་ཞབས་ཤེས་རབ་བསྟན་འཛིན་བཅས་ཁོང་གསུམ་ནས་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཐོག་གཏམ་བཤད་གནང་ཡོད།།

ICAAM-2016