Central Council of Tibetan Medicine

སྨན་སྦྱོར་ཁང་དེབ་སྐྱེལ།

ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭ་འདི་བཞིན་ཕྱི་ལོ་༢༠༡༢ ལོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་གསོ་རིག་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་ལོ་གསུམ་རིང་འཕྲལ་སེལ་ངོས་ལེན་དེབ་སྐྱེལ་གནང་ཞིང་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༩ ཉིན་དེབ་སྐྱེལ་དུས་བཀག་རྫོགས་མཚམས་སྒྲིག་གཞི་ནང་གསལ་རྟོགས་ཞིབ་ཚོགས་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་ཟུར་བཙུགས་གནང་། རྟོགས་ཞིབ་ཚོགས་མིའི་ཁོངས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་གཅིག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་མི་གཅིག གཞན་ཡང་རྡ་ས་ས་གནས་བདེ་དོན་ནས་སྐུ་ཚབ་ཚོགས་མི་གཅིག་བཅས་ཚོགས་ཆུང་གི་ཚོགས་མི་གསུམ་གོང་གསལ་སྨན་སྦྱོར་ཁང་དུ་ཕྱི་ཟླ་༦ ཚེས་༣༠ ཉིན་དངོས་སུ་ས་ཐོག་ཏུ་རྟོགས་ཞིབ་ཆེད་ཕེབས་གནང། རྟོགས་ཞིབ་ཀྱི་བརྒྱུད་རིམ་ནང་གཙོ་བོ་སྨན་རྒྱུ་ཚད་ལྡན་དང་སྨན་སྦྱོར་ཆེད་ལས་པའི་ཆ་རྐྱེན། ལས་མིའི་འཕྲོད་བསྟེན་དང་ཕྱི་ནང་ཁོར་ཡུག སྨན་སྦྱོར་ཡོ་བྱེད་དང་ཚུལ་བཞིན་བེད་སྤྱོད་བྱེད་མིན། རིལ་རྩི་བེད་སྤྱོད། བཙོ་ཐལ་རིགས་བཟོ་བསྐྲུན་བྱེད་མིན། སྨན་བཟོས་བསྐྲུན་རྗེས་བདག་ཉར་བྱེད་སྟངས། སྨན་སྦྱོར་སོ་སོའི་བཟོ་བསྐྲུན་གྱི་ཟླ་དུས་ཚེས་གྲངས་ཀྱི་ཡིག་ཆ་བཅས་སྒྲིག་གཞི་ནང་གསལ་དོན་ཚན་ཁག་ལ་རྟོགས་ཞིབ་འདྲི་ལན་གནང་། ཚོགས་ཆུང་གི་མཐའ་མའི་སྙན་ཐོ་དང་རྟོགས་ཞིབ་ཚོགས་མི་རང་ངོས་ནས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་བཅས་པ་ལྷན་ཚོགས་སུ་ཟླ་གཅིག་ནང་ཚུད་འབྱོར་དགོས་པ་བཞིན་ཚོགས་ཆུང་ནས་དུས་ཐོག་ཕུལ་འབྱོར་བྱུང། གསོ་བ་རིག་པའི་ལྷན་ཚོགས་ནས་དེ་དོན་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༥ ཟླ་༩ ཚེས་༣ ཉིན་གྱི་ཟླ་རེའི་ཚོགས་འདུའི་ཐོག་ཚོགས་ཆུང་གི་སྙན་ཐོ་དང་དགོངས་ཚུལ། མཉམ་སྦྱར་ཡིག་རིགས་ཁག་ལ་གཟིགས་ཞིབ་དང་གྲོས་བསྡུར་ལེགས་པར་གནང་བའི་མཐར་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭའི་འདི་བཞིན་ ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༩ ནས་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་གཏན་འཇགས་ངོས་ལེན་དེབ་སྐྱེལ་གནང་རྒྱུའི་ཐག་གཅོད་བྱུང་བ་དང་སྒྲིག་གཞི་ནང་གསལ་གཏན་འཇགས་དེབ་སྐྱེལ་ཞུས་སྤྲོད་མཚམས་ནས་ལོ་གསུམ་གྱི་རིང་ཆོག་མཆན་འཕར་འགྱངས་གནང་དགོས་པས་གོང་གསལ་སྨན་སྦྱོར་སྡེ་ཚན་འདི་བཞིན་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༩ ནས་ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༨ བར་ལོ་གསུམ་རིང་ཆོག་མཆན་འཕར་འགྱངས་ཀྱི་ལག་འཁྱེར་གནང་ཡོད།

4

ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭ་འདི་བཞིན་ཐོག་མར་ཕྱི་ལོ་༢༠༠༨ ཟླ་༤ ཚེས་༨ ཉིན་ཞུགས་སྒར་རྡ་རཱ་ས་ལའི་ནོར་བུ་གླིང་གའི་ཉེ་འགྲམ་དུ་དངོས་སུ་སྒོ་བཙུགས་གནང་བ་ཞིག་ཡིན་འདུག སྨན་སྦྱོར་སྡེ་ཚན་འདིའི་དོ་དམ་འགན་འཛིན་ནམ་སྨན་སྦྱོར་གཙོ་འགན་བཞེས་མཁན་ནི་༸རྒྱལ་བའི་བླ་སྨན་ཞབས་ཞུ་བ་སྨན་རམས་པ་སྤེན་པ་ཚེ་རིང་མཆོག་ཡིན་ཞིང་ཁོང་གི་གཙོ་འགན་འོག་སྨན་སྦྱོར་ལམ་མི་གྲངས་བཅུ་ཙམ་གྱིས་ཁྱོན་སྨན་སྣ་གྲངས་༡༡༠ བཟོ་བསྐྲུན་གནང་བཞིན་ཡོད་པ་བཅས་རྒྱབ་ལྗོངས་མདོར་བསྡུས་སུ།།

1 2 3