Central Council of Tibetan Medicine

ཡིད་སྐྱོའི་གནས་ཚུལ།

ཡིད་སྐྱོའི་གནས་ཚུལ་ཞིག་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་པོ་དང་གསོ་རིག་བསྟན་དོན་ཆེད་མི་ལོ་༣༠ ལྷག་ཞབས་འདེགས་ཧུར་བསྐྱེད་ཞུས་མཁན་འཚོ་བྱེད་མཁས་དབང་སྨན་རམས་པ་པདྨན་རྡོ་རྗེ་ལགས་ནད་མནར་རྐྱེན་གྱིས་འདི་ཟླའི་ཚེས་༨ ཉིན་དགུང་ཆུ་ཚོད་༡།༥༢ ལ་དྷ་རམ་ཤཱ་ལཱ་བོད་ཀྱི་སྨན་རྩིས་ཁང་དུ་ཞི་འཇམ་ངང་སྐུ་ཚེའི་འཕེན་པ་རྗོགས་འདུག་པར་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ནས་མྱ་ངན་རྗེས་དྲན་དང་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བ་དང་ཆབས་ཅིག དམ་པ་དེ་ཉིད་ནམ་ཡང་བསླུ་བ་མེད་པའི་མཆོག་གསུམ་ཐུགས་རྗེའི་སྟོབས་ཀྱིས་མཐར་ཐུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པ་དང་གནས་སྐབས་བདེ་འགྲོ་ལྷ་མི་དང་ཡང་སྒོས་དལ་འབྱོར་མི་ལུས་རིན་ཆེན་བདེ་བླག་ཏུ་རྙེད་ཅིང་དམ་པ་ཁོང་གིས་རྟག་ཏུ་སྙིང་གི་ཞེན་དོན་གསོ་བ་རིག་པའི་སྒོ་ནས་འགྲོ་དོན་བསྐྱངས་པའི་མཛད་པ་འདི་ཉིད་རྣམ་བྱང་ས་ཡི་བར་དུ་འགྲུབ་པའི་གསོལ་འདེབས་དང་། འགྲོ་བ་ནད་པའི་མགོན་སྐྱབས་དམ་པར་མྱུར་དུ་འབྱོན་པའི་སྨོན་ལམ་ཞུ།།

3001

 

 

 

 

 

 

རྗེས་དྲན་ལོ་རྒྱུས་རི་མོ།
བསླབ་གཉེར་གནང་བ།

སྨན་རམས་པ་པདྨ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༥༠ ཟླ་༧ ཚེས་༡ ཉིན་བོད་ལྷོ་བྲག་ཏུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པར་བརྟེན་དགུང་གྲངས་དགུ་ལ་ཕ་མ་གཉིས་དང་ལྷན་དུ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཕ་མ་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་འོག་བཙན་བྱོལ་བོད་གཞུང་སློབ་གྲྭའི་ནང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་དབུས་གཞུང་དང་བོད་གཞུང་ཤེས་རིག་ལས་ཁུངས་གཉིས་ཀྱི་འཛིན་སྐྱོང་འོག་ཡོད་པའི་རྡོར་གླིང་གཏན་སློབ་ཏུ་གཞི་རིམ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༨ ལོར་བོད་གཞུང་སྨན་རྩིས་ཁང་དུ་སྐབས་གཉིས་པའི་སྨན་སློབ་ཁོངས་སུ་འཛུལ་ཞུགས་གནང་སྟེ་ཕྱི་ལོ་ ༡༩༧༥ ལོར་སྨན་རྩིས་བཀའ་བཅུ་པ་བསླབ་པ་མཐར་སོན་ཕྱིན། ྋརྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་དང༌། མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ། སྨན་པ་བྱམས་པ་བསོད་ནམས། བྱ་བྲལ་བ་སྨན་པ་དབང་ལགས་སོགས་ཀྱི་དྲུང་ནས་དཔལ་ལྡན་རྒྱུད་བཞིའི་དཀའ་གནད་དང་རྩ་ཆུ་བརྟག་ཚུལ་སོགས་ལག་ལེན་དམར་ཁྲིད་ཀྱི་མན་ངག་དུ་མ་ཐོབ། ཕྱི་ལོ་༡༩༩༧ ལོར་སྨན་རམས་པ་འབྲིང་བར་ཡིག་རྒྱུགས་ལམ་ནས་གནས་སྤར་བསྩལ།

ལས་འཁུར་ཇི་ཞུས་སྐོར།
ཕྱི་ལོ་ ༡༩༧༥ ནས་ཕྱི་ལོ་ ༢༠༠༠ བར་དྷ་ས་དང་། བལ་ཡུལ། དལླི། ཨི་ཊ་ན་གར། ས་ལུ་གྷར། ཀ་ལི་ཀ་ཏ་བཅས་སུ་སྨན་རྩིས་ཡན་ལག་སྨན་ཁང་གྱི་འགན་འཛིན་དང་བརྟག་དཔྱད་སྨན་པའི་ལས་འཁུར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༠ ཟླ་༨ ཚེས་ ༡༨ ཉིན་བཞུགས་སྒར་བོད་གཞུང་སྨན་རྩིས་ཁང་གི་དྲུང་ཆེར་མང་འདེམས་བྱུང་། ཕྱི་ལོ་༢༠༠༡་ཟླ་༨ ཚེས་༡ ཉིན་སྐུ་བཅར་སྨན་པར་བསྐོ་བཞག་གནང་། ཕྱི་ལོ་༢༠༠༣ ལོར་སྨན་རྩིས་རིག་གཞུང་མཁས་པའི་སློབ་སྟོན་ཚོགས་ཆུང་གི་སློབ་སྟོན་པར་བསྐོ་བཞག་གནང་བ་དང་། ཕྱི་ལོ་ ༢༠༠༤ ཟླ་༡ ཚེས་ ༥ ཉིན་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་ཐོན་ལྟར་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༥ ལོར་བོད་གཞུང་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་གི་འགན་འཛིན་དུ་བསྐོ་བཞག་བསྩལ། དེ་ནས་གསོ་རིག་ཞིབ་འཇུག་དང་ནད་བཅོས་ཉམས་ཞིབ། ཕབ་སྒྱུར་སྡེ་ཚན་བཅས་སློབ་སྟོན་པར་བསྐོ་བཞག་གནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་འགན་འཁུར་གནང་བའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ལས་གཞིའི་མཁས་པའི་སློབ་སྟོན་ནམ་གཏན་འབེབས་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་གནང་། ཕྱི་ལོ་༢༠༡༢ ཟླ་༤ ཚེས་༡ ཉིན་བོད་ཀྱི་སྨན་རྩིས་ཁང་ནས་བགྲེས་ཡོལ་དུ་ཕེབས་ཏེ་ཕྱོགས་རིས་མེད་པའི་འགྲོ་བའི་ཟུག་རྔུ་སེལ་བའི་དོན་དུ་རླབས་ཆེན་གྱི་མཛད་པ་བསྐྱངས་གནང་ཞིང་། བོད་ཀྱི་སྨན་རྩིས་ཁང་དུ་སྨན་རམས་ཆུང་བར་གནས་སྤར་ཡིག་རྒྱུགས་ལ་བཞུགས་མཁན་གྱི་སྨན་པ་རྣམས་ལ་ཟབ་འཁྲིད་གནང་བ་དང་། ལྦ་ནཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་སྨན་གྱི་སྡེ་ཚན་དུ་གདན་ཞུས་དགེ་རྒན་ཆེན་མོ་བ་གནང་།


རྒྱལ་སྤྱི་རྒྱལ་ནང་དུ་གཏམ་བཤད་དང་སྨན་སྐོར་གནང་བའི་སྐོར།

སྤྱི་ལོ་༢༠༠༨ ལོར་གུ་ཇ་ར་ཏ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བྱས་པའིི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་སྨན་སྐོར་གཏམ་བཤད་གནང་། ཕྱི་ལོ་༢༠༠༩ ལོར་བོད་ཀྱི་གསོ་བ་རིག་པ་འདི་བཞིན་རྒྱ་གར་ཚེ་ཡི་རིག་བྱེད་ལས་ལོགས་སུ་དགར་བའི་རིག་པའི་གཞུང་ལུགས་ཤིག་ཡིན་པ་ཁུངས་སྐྱེལ་དག་འཐེར་གནང་མཁན་གྱི་མཁས་པའི་གྲས་སུ་བཞུགས་ཏེ། གསོ་བ་རིག་པ་རྒྱ་གར་གཞུང་ནས་ངོས་ལེན་གནང་བར་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སེམས་ཁམས་རིག་པའི་སྐོར་དང་། བྷར་ཛིལ་སྨན་གྱི་གཙུག་ལག་སློབ་གྲྭ་ཆེན་མོར་སྲོལ་རྒྱུན་བོད་སྨན་གྱི་ཁོང་ནད་སྐོར། ཨི་ཊ་ལི་སྨན་གྱི་གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཀྱི་གསོ་རིག་ངོ་སྤྲོད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐེངས་གཉིས་པར་གཏམ་བཤད་སོགས་རྒྱ་ཆེར་སྤེལ་གནང་མྱོང༌། ད་དུང་ཕ་རན་སི། ནོར་ཝེ། ཨུ་རུ་སུ། ལྷོ་ཨ་མི་རི་ཀ སི་པན། ཇར་མ་ནི། ནེ་དར་ལེཎ་ཊ། ཨེ་ཛི་རལ། ཀ་ཛ་ག་སི་ཐན། ཡུ་ཀ་རིན་སོགས་ཕྱི་རྒྱལ་ཡུལ་གྲུ་དུ་མར་བརྟག་དཔྱད་སྨན་བཅོས་དང་ཚོགས་འདུ་བཅས་སུ་ལན་མང་ཕེབས།


གཟེངས་བསྟོད་དང་བྱ་དགའ།
ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་གྲོང་ཁྱེར་ཀ་ལི་ཀ་ཏར་རྟེན་གཞི་བྱས་པའི་རྒྱ་གར་སྲོལ་རྒྱུན་སྨན་གྱི་ཚོགས་པ་ I.B.A.M, CALCUTTA ཞེས་པ་ནས་གསེར་གྱི་རྟགས་མ་ཐོབ། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་སྲོལ་རྒྱུན་སྨན་གྱི་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གསོ་རིག་ལ་ངོས་འཛིན་ཐེངས་དང་པོ་གནང་བ་དང་སྦྲགས་སྲོལ་རྒྱུན་སྨན་གྱི་ནོར་བུ་ཞེས་པའི་གཟེངས་རྟགས་ཐོབ། རྒྱ་གར་ཁུལ་དུ་ལ་དྭགས། ཧི་མ་ཅལ། ཨུ་ཏར་པར་དེ་ཤ ཨོ་རི་ས། ཨ་རུ་ན་ཅལ། ཨ་སམ། ནུབ་བྷང་ག་ལ། བྷི་ཧར། གུ་ཇུ་རཏ། མད་ཡ་པར་དེ་ཤ ཤིས་ལོང་སོགས་སུ་བོད་གཞུང་སྨན་རྩིས་ཁང་གི་གཞུང་འབྲེལ་ཐོག་བརྟག་དཔྱད་སྨན་བཅོས་སུ་བསྐྱོད་གནང་མྱོང་བ་མ་ཟད། རྒྱ་གར་ནང་བོད་མིའི་གནས་སྡོད་གཞིས་སྒར་ཁག་ཏུའང་འཕྲོད་བསྟེན་ལམ་སྟོན་དང་བརྟག་དཔྱད་སྨན་བཅོས་མི་ལོ་ཧྲིལ་པོ་བཞི་བཅུ་ལྷག་ཞུ་གནང་བས་མཚན་སྙན་གྱི་བ་དན་འཛམ་གླིང་གི་ས་ཕྱོགས་གང་སར་ལྷོབ་ལྷོབ་ཏུ་གཡོ་བཞིན་ཡོད།


གྲགས་ཆེ་བའི་བརྩམས་ཆོས།

༡༽འཚོ་བྱེད་ལས་དང་པོ་བའམ་ཉམས་གསོག་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་ལམ་སྟོན་ཉམས་ཡིག་སྙིང་བསྡུས། ༢༽ མ་དང་བྱིས་པའི་འཕྲོད་བསྟེན་ལམ་སྟོན། ༣༽གཉན་རེག་དུག་སྐོར་ལམ་སྟོན། ༤༽སཱ་རའི་ཐུགས་བཅུད་གསོ་རིག་རྒྱུད་ཆེན་མན་ངག་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ་བཞུགས་སོ།། སྟོད་ཆ། ༥༽སཱ་རའི་ཐུགས་བཅུད་གསོ་རིག་རྒྱུད་ཆེན་མན་ངག་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ་བཞུགས་སོ།། སྨད་ཆ། ༦༽དྭངས་མ་མ་ཞུའི་མཁྲིས་ནད་དུག་ཐབས་(Hepatitis B+) ཀྱི་ནད་གཞིར་དཔྱད་པ། ༧༽Spiritual Medicine of Tibet ༨༽ Tibetan Healing Science: Bod kyi Sowa Rigpa