Central Council of Tibetan Medicine

སྨན་པ་ཚེ་རིང་མཚམས་གཅོད་ལགས་སུ་ཕེབས་སྐྱེལ་གསོལ་སྟོན་བཤམས་པ།

ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༢ དགོང་མོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་སུ་ལྷན་ཚོགས་ནས་སྔ་སྲོལ་བཞིན་ཕེབས་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས། སྨན་པ་ཚེ་རིང་མཚམས་གཅོད་ལགས་ནི་སྐབས་གསུམ་པ་ནས་བཟུང་ད་བར་ལོ་ངོ་བཅུ་གསུམ་ལྷག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདིར་སྐུ་ངལ་འཛེམས་མེད་ཀྱིས་ཞབས་ཞུ་སྒྲུབ་ཡོད།

དེ་ཡང་སྐབས་བབ་ཚོགས་གཙོ་མཆོག་གིས་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱི་ད་བར་ལས་དོན་བྱས་ཕྱོགས་ཐད་ལ་བསྔགས་བརྗོད་ཞུ་བཞིན་ལྷན་ཚོགས་ཀྱིས་ངོས་ནས་སྨན་བླའི་སྐུ་ཐང་དང་མཇལ་དར་གསོལ་སྩལ་གནང་ཡོད། དེ་ཡང་སྨན་པ་ཚེ་རིང་མཚམས་གཅོད་ལགས་ནི་སྐབས་དྲུག་པའི་ཚོགས་གཙོའི་འགན་ཡང་བཞེས་ཡོད། སྐབས་དེར་གནས་བཞུགས་༧སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་དང་སྐབས་བདུན་པའི་ཚོགས་གཙོ་སྨན་རམས་པ་ཚེ་རིང་ཐག་གཅོད་དྲུང་འཚོ་མཆོག ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་སྨན་རམས་པ་ངག་དབང་བཟོད་པ་མཆོག ཕྱི་ལུགས་སྨན་པ་ཨོ་རྒྱན་རྒྱ་མཚོ་ལགས། ལྷན་ཚོགས་ཀྱི་རྩིས་པ་ཀ་རྨ་སྒྲོལ་མ་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལས་དྲུང་ཚེ་རིང་གཡུ་སྒྲོན་ལགས་དང་དེ་བཞིན་ལྷན་ཚོགས་ཀྱི་ཆེད་ལས་སྨན་པ་གསར་བཞུགས་ཐུབ་བསྟན་ཀུན་འཕེལ་བཅས་ལྷན་འཛོམས་ཐོག་ཕེབས་སྐྱེལ་ཞུས་ཡོད།