Central Council of Tibetan Medicine

ལྷན་ཚོགས་ཚོགས་ཐེངས་༣༢ པ་བསྐོང་ཚོགས།

ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༤ ་་་ ༨ བར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༣༢ པ་དེ་བསྐོང་ཚོགས་གནང་ཡོད། ཚོགས་ཐེངས་འདི་ནི་སྐབས་དྲུག་པའི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད། ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༡༥ ཉིན་ལྷན་ཚོགས་ཀྱི་སྐབས་དྲུག་པའི་འོས་བསྡུའི་ཚོགས་ཆུང་ནས་ལྷན་ཚོགས་སྐབས་དྲུག་པའི་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་འོས་འདེམས་ཀྱིས་སྒྲིག་གཞི་དགོངས་དོན་འོས་བསྡུའི་ཡིག་ཆ་ཆ་ཚང་ལྷན་ཚོགས་སུ་ཕུལ་གནང་། ལྷན་ཚོགས་སྐབས་དྲུག་པའི་ཚོགས་མི་གཤམ་གསལ།

བསྐོས་གཞག་ཚོགས་མི།

  • ཚོགས་མི། ༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན།
  • ཚོགས་མི། སྨན་པ་བསྟན་འཛིན་ནོར་བཟང་། ༼འཕྲོད་བསྟེན་ལས་ཁུངས་ནས་དམིགས་འཛུགས་གནང་བའི་ཕྱི་ལུགས་སྨན་པ།༽

མཐོ་སློབ་སྐུ་ཚབ་ཚོགས་མི།

  • ཚོགས་མི། སྨན་རམས་པ་བསྟན་པ་ཆོས་འཕེལ།
  • ཚོགས་མི། སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན།
  • ཚོགས་མི། སྨན་རམས་པ་འཕྲིན་ལས་གཡང་འབྱོར།
  • ཚོགས་མི། སྨན་པ་བྱམས་པ་མཁས་གྲུབ།

འོས་འདེམས་ཚོགས་མི།

  • ཚོགས་གཙོ། སྨན་པ་ཚེ་རིང་མཚམས་གཅོད།
  • ཚོགས་གཞོན། སྨན་རམས་པ་ཆོས་ལོ་ཐར།
  • དྲུང་ཆེ། སྨན་རམས་པ་ངག་དབང་སྦྱིན་པ།
  • ཚོགས་མི། སྨན་པ་ཐོགས་མེད།
  • ཚོག་སམི། སྨན་རམས་པ་རྣམ་རྒྱལ་ཁྱུ་གསར།
  • ཚོགས་མི། སྨན་པ་རིག་འཛིན་དོན་འགྲུབ།
  • ཚོགས་མི། སྨན་པ་ཚེ་རིང་རྡོ་རྗེ།

བཅས་སྐབས་དྲུག་པའི་ཚོགས་མི་རྣམས་ལས་ཚོགས་མི་བརྒྱད་ལྷན་ཚོགས་ཚོགས་ཐེངས་༣༢ པའི་ཚོགས་བཅར་གནང་། ཚོགས་འདུ་དངོས་གཞི་མ་ཚོགས་གོང་ལྷན་ཚོགས་སྐབས་ལྔ་པའི་ཚོགས་མི་རྣམས་ནས་སྐབས་དྲུག་པའི་ཚོགས་མི་རྣམས་ལ་ལྷན་ཚོགས་ཀྱི་ཡིག་ཆ་དང་ཅ་དངོས། དེ་བཞིན་དངུལ་ཁང་ལག་དེབ་སོགས་འཛིན་ཆས་རྣམས་རྩིས་སྤྲོད་རྩིས་ལེན་གནང་། ཕྱི་ཚེས་༥ ཉིན་ཚོགས་འདུདངོས་གཞི་སྒོ་བཙུགས་ཀྱིས་ཚོགས་འདུའི་ཐོག་གྲོས་གཞི་དོན་ཚན་བཅུ་ཡོད་པ་ལས་གལ་ཆེའི་གྲོས་ཆོད་བྱུང་བ་ནི། ཕྱི་ལོ་༢༠༢༠་་་་༢༡ ལོར་བོད་ཀྱི་གསོ་བ་རིག་པ་དང་དེང་དུས་ཚན་རིག་གི་མཁས་པའི་བགྲོ་གླེང་ཚོགས་ཆེན་གཅིག་དང་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་ཟབ་འཁྲིད་ལས་འཆར་གཅིག བོད་སྨན་མཐུན་གྲོགས་ཚོགས་མིས་རེ་འདུན་ཞུས་པ་ལྟར་བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད་ཟབ་སྦྱོང་གཅིག་གོ་སྒྲིག་ཞུ་གཏན་འཁེལ་བ་དང་། གསོ་བ་རིག་པ་དང་འབྲེལ་རྒྱ་གར་དབུས་སའི་གཞུང་ལ་ཞུ་སྒོའི་ཐད་ཨཱ་ཡུ་ཤའི་སྨན་ཁང་ནང་གསོ་བ་རིག་པའི་སྒོ་བསྟེན་སྨན་ཁང་འཛུག་རྒྱུ་དང་དེའི་ནང་ཆེད་ལས་སྨན་པའི་ས་དམིགས་ཟུར་འདོན་བསྐོ་གཞག་ཡོང་རྒྱུ། གཞན་ཡང་གསོ་རིག་སྨན་པ་དེབ་སྐྱེལ་གནང་ཕྱོགས་སོགས་དེ་སྔའི་ལས་འཕྲོ་མཇུག་སྐྱོང་གནང་དགོས་ཁག་གནང་རྒྱུ་དང་། གསོ་བ་རིག་པ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ལ་ཞུ་སྒོ་ཁག ཕྱི་ལོ་༢༠༢༠ ལོར་གསོ་རིག་སློབ་གཉེར་ཁང་དང་སྨན་སྦྱོར་ཁང་དུ་རྟོགས་ཞིབ་ལས་རིམ། བོད་ཀྱི་སྨན་རྩིས་མཐོ་ སློབ་ཁང་དང་སྨན་སྦྱོར་ཁང་དེབ་སྐྱེལ་ཕྱིར་འཐེན་གྱི་གསལ་བསྒྲགས་དང་འབྲེལ་བ། དེ་བཞིིན་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༢༠་་༢༡ ལོའི་རྒྱུན་གྲོན་འཆར་རྩིས་དང་དཔལ་འབྱོར་འདུ་འགོད། ལྷན་ཚོགས་ཀྱི་དངུལ་གཏོང་ལེན་འགན་འཛིན་དང་དེབ་སྐྱེལ་ལག་འཁྱེར་སྟེང་མཚན་རྟོགས་སུ་འགོད་སོགས་གལ་ཆེའི་གྲོས་གཞི་ཁག་ལ་གྲོས་ཆོད་བྱུང་ཡོད། ཕྱི་ཚེས་༧ ཉིན་ལྷན་ཚོགས་ཀྱི་ཚོགས་བཅར་ཚོགས་མི་རྣམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པདྨ་འབྱུང་གནས་མཆོག་དང་ཕྱི་ཚེས་༨ ཉིན་རྒྱབ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་སྐུ་ཞབས་ཆོས་སྐྱོང་དབང་ཕྱུག་མཆོག་མཇལ་ཕྲད་ཀྱིས་ལྷན་ཚོགས་ཀྱི་ཚོགས་མི་གསར་འདེམས་བྱུང་བ་རྣམས་ངོ་སྤྲོད་དང་། དེ་བཞིན་ལྷན་ཚོགས་ཀྱི་ལས་འཆར་ལས་དོན་དང་སྙན་གསེང་ཞུ་དགོས་ཁག་སྙན་གསེང་ཞུས་པ་བཅས་ལྷན་ཚོགས་ཚོགས་ཐེངས་༣༢ ལེགས་པར་བསྐོང་ཚོགས་ཞུས།།

ལྷན་ཚོགས་སྐབས་ལྔ་པའི་ཚོགས་མི་རྣམས་ནས་སྐབས་དྲུག་པའི་ཚོགས་མིར་རྩིས་སྤྲོད་རྩིས་ལེན་གནང་བཞིན་པ།

ལྷན་ཚོགས་ཚོགས་ཐེངས་༣༢ པ་བསྐོང་ཚོགས།