ཕྱི་ལོ་༢༠༢༡ ཟླ་༥ ཚེས་༡༦ སྔ་དྲོ་ཆུ་ཚོད་༧།༥༠ ཙམ་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་སྨན་རམས་པ་བསྟན་འཛིན་ ནོར་བུ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་ ཚབ་ཞུས་ཏེ་མྱ་ངན་རྗེས་དྲན་དང་སྦྲགས་གསོལ་བ་སྨོན་ལམ་ཤུགས་དྲག་ཞུ་བ་དང་ཆབས་ཅིག་ཚེ་འདས་ཁོང་གི་ནང་མི་སྤུན་མཆེད་རྣམས་ ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ།
སྨན་རམས་པ་བསྟན་འཛིན་ནོར་བུ་མཆོག་ནི་ཕྱི་ལོ་༡༩༦༠ ལོར་རྒྱ་གར་ནུབ་སྦེང་གཱལ་མངའ་ཁོངས་ཀ་ལོན་སྦུག་ཏུ་སྐུ་འཁྲུངས། ཕྱི་ལོ་ ༡༩༨༢ ལོར་རྡ་ས་བོད་ཀྱི་སྨན་རྩིས་མཐོོ་སློབ་ཁང་གི་སྐབས་ལྔ་པའི་སློབ་ཁོངས་སློབ་བཞུགས་ཀྱིས་ལོ་ལྔའི་རིང་བོད་ཀྱི་གསོ་རྩིས་རིག་ པའི་གཞུང་ལ་སློབ་སྦྱོང་གནང་ནས་ཕྱི་ལོ་༡༩༨༦ ལོར་སྨན་པ་དཀའ་བཅུ་པའི་སློབ་པ་མཐར་སོན། ཐོག་མར་༡༩༨༦ ནས་སྐུ་ཚེའི་འཕེན་པ་ མ་རྫོགས་ཀྱི་བར་བོད་ཀྱི་གསོ་བ་རིག་པའི་བསྟན་དོན་སྤྱི་དང་ཡང་སྒོས་བོད་ཀྱི་སྨན་རྩིས་ཁང་དུ་མི་ལོ་༣༣ ཙམ་རིང་སྦོམ་དྷི་ལ་དང་སཱ་ལུ་ གཱ་ར། ཤི་ལོང་། ཀོལ་ཀ་ཏ། ཀོ་ལེ་གལ་དོན་ལྡན་གླིང་། ལྡི་ལི་རོ་ཧི་ནི་དང་བསམ་ཡས་གླིང་ཡན་ལག་སྨན་ཁང་བཅས་ནང་བརྟག་དཔྱད་སྨན་ པའི་འགན་འཁུར་གཙོ་བོ་བཞེས་ནས་ཉམས་ཐག་ནད་མནར་མང་པོར་སྨན་བཅོས་དང་ཟས་སྤྱོད་འཕྲོད་བསྟེན་གྱི་སློབ་གསོ་ལམ་སྟོན་རྒྱ་ཆེ་ གནང་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཞབས་འདེགས་བླ་ལྷག་ཞུས་གནང་། ཕྱི་ལོ་༡༩༩༩ ལོར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་སྨན་རམས་པ་ཆུང་བའི་ཕྱག་འཁྱེར་མཚན་གནས་བཞེས།
ཕྱི་ལོ་༢༠༠༦ ཟླ་༡ ཚེས་༤ ཉིན་ཁོང་ཉིད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་ཚད་ལྡན་སྨན་པའི་ཁོངས་དེབ་སྐྱེལ་གནང་ཞིང་ལྷན་ཚོགས་ ཀྱི་ཚོགས་ཆེན་དང་ཟབ་སྦྱོང་ལ་མཉམ་བཞུགས་གནང་། ཕྱི་ལོ་༢༠༡༡་་༢༠༡༣ བར་ལོ་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ ཀྱི་ཀ་རྡོར་སྒང་གསུམ་དང་སཱ་ལུ་གཱ་ར་ཁུལ་གྱི་ས་གནས་ འབྲེལ་མཐུད་པར་བསྐོས་གཞག་གིས་ཕྱག་ལས་འགན་འཁུར་དང་། ས་གནས་དེ་ གར་ཆགས་པའི་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དུ་རྟོགས་ཞིབ་ལས་དོན་ཆེད་རྟོགས་ཞིབ་ཚོགས་མིར་བསྐོས་གཞག་གིས་ རྟོགས་ཞིབ་ལས་དོན་ཧུར་བསྐྱེད་གནང་བ་སོགས་ཕྱི་ལོ་༢༠༠༦ ལོར་ཁོང་ཉིད་ནས་གསོ་རིག་ལྷན་ཚོགས་སུ་དེབ་སྐྱེལ་གནང་སྐབས་ཀྱི་ འགེངས་ཤོག་ནང་རང་ཉིད་གང་ལ་ཆེད་དུ་དམིགས་ནས་སློབ་གཉེར་བྱེད་པའི་དམིགས་དོན་ལས་གོ་མ་ལྡོག་པར་གང་སྦྱངས་པའི་ཡོན་ཏན་ དེས་འགྲོ་བ་ནད་ཀྱིས་མནར་བ་རྣམས་གསོ་ནུས་པའི་དམིགས་འདུན་ཡོད་ཅེས་གསལ་བ་ལྟར་ཁོང་ཉིད་ནས་སྐུ་ཚེ་ཧྲིལ་པོ་ཉམས་ཐག་ནད་ པའི་འགྲོ་དོན་རྒྱ་ཆེ་བསྐྱངས་གནང་མཛད་པའི་ལོ་རྒྱུས་མདོར་བསྡུས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༢༡ ཟླ་༥ ཚེས་༡༨ ལ།།