Central Council of Tibetan Medicine

འགྲོ་ཕན་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དུ་རྟོག་ཞིབ་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༧ ཉིན་ལྷན་ཚོགས་ནས་རྟོག་ཞིབ་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་ཆུང་གི་ཚོགས་མི་རྣམས་རྡ་ས་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་དང་ནད་གསོ་ཁང་། དེ་བཞིན་གསོ་རིག་སྨན་སྦྱོང་ཁང་དུ་རྟོག་ཞིབ་ཆེད་ཕེབས་གནང་། རྟོག་ཞིབ་ལས་དོན་གྱི་ཐོག་མར་ཚོགས་ཆུང་གི་ཚོགས་མི་༼ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་སྨན་པ་ཐོགས་མེད་ལགས་དང་ཕྱི་ལུགས་སྨན་པ་ཨོ་ རྒྱན་རྒྱ་མཚོ་ལགས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དྲུང་ལས་ཚེ་རིང་ལགས་དང། རྡ་ས་ས་ གནས་འགོ་འཛིན་ནས་དྲུང་ལས་རྣམ་རྒྱལ་དོན་འགྲུབ་ལགས་བཅས་༽རྣམས་ལྷན་ཚོགས་ཡིག་ཚང་དུ་ཚང་འཛོམས་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོས་རྟོག་ཞིབ་ཀྱི་རྒྱབ་ལྗོངས་དང་ལས་དོན་རྣམས་ངོ་སྤྲོད་ཞུས།

དེ་རྗེས་ཚོགས་ཆུང་གི་ཚོགས་མི་རྣམས་འགྲོ་ཕན་སྨན་རྩིས་མཐོ་སློབ་ཡིག་ཚང་དུ་སྣེ་ལེན་དང་སྦྲགས་མཐོ་སློབ་སློབ་སྤྱི་མཆོག་ནས་དེ་གའི་སློབ་ཁང་གི་ངོ་སྤྲོད་དང་འབྲེལ་ད་ཡོད་སྨན་སློབ་དང་། འགྲོ་བཞིན་པའི་ཐོན་རྒྱུགས་ཆེན་མོའི་འགྲོ་ལུགས། སློབ་ཁང་གི་ནད་གསོ་དང་བརྟག་དཔྱད་སྨན་ཁང་། དཔེ་མཛོད་ཁང་དང་འཛིིན་ཁང་སོགས་རེ་རེ་མིག་སྟོན་ངོ་སྤྲོད་གནང་།

དེ་རྗེས་རྟོགས་ཞིབ་ཚོགས་མི་རྣམས་འགྲོ་ཕན་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དུ་རྟོགས་ཞིབ་གནང་བའི་ཐོག་མར་སྨན་ སྦྱོར་སྨན་པ་རྡོ་རྗེ་ཚེ་རིང་ལགས་ནས་སྨན་སྦྱོར་ཁང་གི་ལས་དོན་ངོ་སྤྲོད་དང་སྦྲགས་སྦྱོར་བཟོ་བཞིན་པའི་སྨན་སྦྱོར་སྣེ་ གྲངས། སྨན་རྒྱུའི་སྤུས་ཚད་བཏང་འཛིན། སྨན་སྦྱོར་བཟོས་ཟིན་པ་རྣམས་ཉར་ཚགས་དང་ཚོང་འགྲེམས། སྨན་སྦྱོར་ཆེད་ལས་སྨན་པ་དང་ལས་མི་རྣམ་པའི་ཆ་རྐྱེན། སྨན་སྦྱོར་གསར་པའི་རིགས་སྦྱོར་བཟོ་གནང་མིན། གཞན་ཡང་བཙོ་ཐལ་ལག་ལེན་སོགས་ལ་རྟོག་ཞིབ་གནང་། བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་ དགོངས་དོན་རྟོག་ཞིབ་ཚོགས་ཆུང་ནས་རྟོག་ཞིབ་སྙན་ཐོ་དང་འགེངས་ཤོག་བཅས་ལྷན་ཚོགས་སུ་གནང་།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣༡ སྔ་དྲོ་ལྷན་ཚོགས་ནས་རྟོག་ཞིབ་ཡིག་ཆ་ཁག་ལ་གྲོས་བསྡུར་ལེགས་པ་བྱས་རྗེས་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དུ་སྨན་སྦྱོར་སྨན་པ་གཅིག་ལྷན་ཚོགས་འོག་དེབ་སྐྱེལ་མེད་པས་དེབ་སྐྱེལ་ཞུ་ གནང་དགོས་པ་དང་།

གཞན་ཡང་སྨན་སྦྱོར་ཁང་དུ་མེ་གསོད་འཕྲུལ་ཆས་དགོས་གནད་ཆེ་བའི་དགོངས་ཚུལ་ཁག་ཅིག་ཕུལ་བ་དང་སྦྲགས་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དེ་བཞིན་ལོ་གསུམ་སྟེ་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡ ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ བར་ལོ་གསུམ་རིང་ཆོག་མཆན་འཕར་འགྱངས་ཞུ་རྒྱུའི་ཐག་གཅོད་བྱུང་ཡོད།།