Central Council of Tibetan Medicine

ཉིན་དྲུག་གི་ཟབ་སྦྱོང་ལེགས་གྲུབ།

ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༢༦ ནས་ཚེས་༣༡ བར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་རིག་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ཤིག་བཞུགས་སྒར་རྡ་རམ་སཱ་ལའི་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་གོ་སྒྲིག་ཞུས་ཡོད། ཟབ་འཁྲིད་འདི་བཞིན་རྒྱ་གར་དབུས་གཞུང་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ནས་རོགས་དངུལ་ཞུས་ཐོབ་བྱུང་བ་ཞིག་ཡིན། ལྷན་ཚོགས་ནས་ཕྱི་ལོ་༢༠༡༠ ལོར་ཉིན་གསུམ་ཅན་གྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་དང་ཕྱི་ལོ་༢༠༡༢ ལོར་ཟབ་འཁྲིད་ཐེངས་གཉིས་གོ་སྒྲིག་ཞུས་པས་ད་ལན་གྱི་ཟབ་འཁྲིད་འདི་ཐེངས་བཞི་པ་ཆགས་ཀྱི་ཡོད་པ་ཡིན། ཟབ་འཁྲིད་ཀྱི་དམིགས་ཡུལ་གཙོ་བོ་དེ་གཞུང་དང་ལག་ལེན་གྱིས་ཕྱུག་པའི་གསོ་རིག་མཁས་དབང་བགྲེས་པ་རྣམས་ནས་འཚོ་བྱེད་གཞོན་པ་རྣམས་ལ་བཤད་འཁྲིད་དང་ནད་ཐོག་ལག་ལེན་གྱི་ཉམས་མྱོང་སྤེལ་བ་བརྒྱུད་གསོ་བ་རིག་པའི་བསྟན་པ་མི་ཉམས་རྒྱུད་འཛིན་ཡོང་བའི་ཆེད་དུ་ཡིན། ཟབ་འཁྲིད་འདི་འདྲ་བ་བརྒྱུད་ནས་སྨན་པ་བགྲེས་གཞོན་དབར་འབྲེལ་འདྲིས་དང་ལྷག་པར་བརྗོད་གཞི་གང་ལ་ཆེད་མཁས་ཀྱི་སྨན་པ་རྣམས་ནས་ལོ་མང་རིང་ཉམས་གསོག་གནང་ནས་གདེངས་འཁེལ་བའི་གྲུབ་འབྲས་རྣམས་གཞོན་པ་རྣམས་ལ་སྤེལ་རྒྱུའི་ཆེད་དུ་ཡིན། ད་ལན་གྱི་ཟབ་འཁྲིད་འདིར་མཁས་དབང་གྲངས་བཅུ་གཉིས་གདན་ཞུས་ཐོག་ཁྱོན་ཚོགས་ཐེངས་༢༤ ནང་གསོ་བ་རིག་པའི་གཞུང་དང་ལག་ལེན། རྩོམ་བསྒྱུར། སྨན་རྫས་དང་སྨན་སྦྱོར། སྨན་གྱི་ཁྲིམས་ལུགས་དང་སྲིད་བྱུས། ནད་རྩིས་དང་ལོ་ཐོ་བལྟ་སྟངས། བཙན་བྱོལ་ནང་ཉེན་ཚབས་ཆེ་བའི་ནད་གཞི་དང་སྔོན་འགོག དེ་བཞིན་ཨེ་ཤའི་སྲོལ་རྒྱུན་སྨན་ལུགས་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལས་དོན་བཅས་ལ་གཏམ་བཤད་བགྲོ་གླེང་གནང་ཡོད། ཟབ་འཁྲིད་ཀྱི་ལམ་སྟོན་ཡིག་ཆ་ནང་གསལ་རྒྱ་གར་མངའ་སྡེ་གང་ས་ནས་གསོ་རིག་སྨན་པའི་གྲངས་༢༥ ད་ཐེངས་ཟབ་སྦྱོང་འདིར་མཉམ་བཞུགས་གོ་སྐབས་ཐོབ་ཡོད་པ་ཡིན།

IMG_1234

དངོས་གཞིའི་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་སྐུ་ངོ་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་མཆོག དེ་བཞིན་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་འགན་འཛིན་དང་བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ། སྤྱི་འཐུས་ལས་ཐོག་སྨན་རམས་པ་མཁྱེན་རབ་རྒྱ་མཚོ་བཅས་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭའི་གཏན་འཇགས་དེབ་སྐྱེལ་ལག་འཁྱེར་བརྩལ་གནང་བ་དང་དམིགས་བསལ་སྐུ་མགྲོན་མཆོག་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བོད་ཡིག་དྲ་རྒྱ་གསར་པ་དབུ་འབྱེད་གནང་། དེ་རྗེས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ཟབ་འཁྲིད་ཀྱི་ངོ་སྤྲོད་གཏམ་བཤད་དང་སྦྲགས་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སླད་ཚོགས་ཆུང་ཟུར་འཛུགས་ཀྱི་གྲུབ་ཐོན་སྙན་ཐོ་དང་གྲོས་ཚོགས་ནང་གྲོས་བསྡུར་གྲོས་ཆོད་བྱུང་བ་ཁག་གསལ་བསྒྲགས་གསལ་བཤད་གནང།  དེ་རྗེས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ནས་ཟབ་སྦྱོང་མཉམ་བཞུགས་གནང་མཁན་ཚང་མར་འཚམས་འདྲི་དང་སྦྲགས་ཁོང་གིས་གསོ་བ་རིག་པ་འདི་བོད་ཀྱི་རྩ་ཆེའི་རིག་གཞུང་གལ་གནད་ཆེ་བའི་ནང་ནས་གལ་ཆེ་བ་ཞིག་ཡིན་པ་དང་རིག་གཞུང་འདི་མི་ཉམས་དར་སྤེལ་བྱེད་མཁན་འདིར་བཞུགས་སྨན་པ་རྣམས་རེད། དེ་བཞིན་སྤྱི་ཡོངས་ཀྱི་འགན་བཞེས་མཁན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་ཡོད་པ་རེད། མི་རབས་བསྒྱུར་བ་ཕྱིན་འགྲོ་སྐབས་རྩ་ཆེའི་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ནས་མི་རབས་གཞོན་པ་ཚོར་རྩིས་སྤྲོད་བྱ་རྒྱུའི་བང་རིམ་དེ་ངས་ཞུ་མི་དགོས་པ་རེད། འདིར་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་པའི་ཐོག་ཉིན་གྲངས་དྲུག་གི་རིང་ཟབ་འཁྲིད་ཀྱིས་གཙོས་སྤྱི་ཡོངས་ཀྱིས་ཐུགས་འགན་བཞེས་དགོས་པ་ཁག་ལྷན་ཚོགས་ཀྱིས་བཞེས་བཞིན་ཡོད། འདི་ལ་ཕྱར་གྲུ་མཉམ་འདེགས་ཞུ་མཁན་གཙོ་བོ་སྨན་པ་རྣམ་པ་ཚོ་ཆགས་ཀྱི་ཡོད། དེར་བརྟེན་གསོ་རིག་ལྷན་ཚོགས་ལ་སྨན་པ་ཚོ་དགོས་ཀྱི་ཡོད་ལ་སྨན་པ་རྣམ་པ་ཚོར་གསོ་རིག་ལྷན་ཚོགས་དགོས་ཀྱི་ཡོད་སྟབས་ཚང་མས་ཕྱར་གྲུ་མཉམ་འདེགས་དགོས་རྒྱུ་དེ་ངས་ཞུ་མི་དགོས་པར་ཐུགས་འགན་ཆེན་པོ་རེད་བསམ་གྱི་འདུག ད་བར་རྣམ་པ་ཚོས་ཧུར་ཐག་ཞུས་ཡོད། མ་འོངས་པར་ཡང་མུ་མཐུད་ཧུར་ཐག་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ལ་འཛིན་སྐྱོང་ངོས་ནས་མཐུན་འགྱུར་ཇི་དགོས་འཕྲོད་བསྟེན་ལས་ཁུངས་ནས་ད་བར་གནང་བཞིན་ཡོད་ལ་མ་འོངས་པར་གང་ཐུབ་ཅི་ཐུབ་ཞུ་རྒྱུ་ཡིན། རྣམ་པ་ཚོས་ཉེ་འཆར་གྲོས་ཚོགས་ནང་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་སོང་བ་རྣམས་ངེས་པར་ཐུགས་སྣང་གནང་དགོས། རྣམ་པ་ཚོ་ཚོགས་མི་ཡིན་པའི་ཆ་ནས་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ཡིག་ཆ་དང་ཚོགས་མིའི་གནས་སྟངས་དང་འགྱུར་འགྲོས་གང་ཅིར་ཐུགས་སྣང་གནང་རོགས་ཅེས་དང་། ལྷག་པར་ལྷན་ཚོགས་ཀྱི་ཚོགས་མི་འཕོ་འགྱུར་ཕྱིན་པའི་སྐབས་སུ་གལ་ཆེ་ཤོས་མང་གཙོའི་འགྲོ་ལུགས་ལྟར་འོས་བསྡུ་གནང་བཞིན་ཡོད་པ་དེར་ཆ་ཤས་ངེས་པར་བླང་དགོས་པ་ཡིན་ཅེས་བཀའ་སློབ་གནང་སོང། དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ད་ལམ་བོད་མང་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་དགོས་པའི་གནད་འགག་གཙོ་བོ་དེ་གང་ཡིན་ཞུ་ན། ཐོག་མར་ལྷན་ཚོགས་ཀྱི་སྒྲིག་གཞི་འདི་ལྟ་བུ་ཞིག་དགོས་ཀྱི་འདུག་ཟེར་བའི་བསམ་འཆར་དེ་སྨན་རྩིས་ཁང་ནས་ཡོང་བ་རེད། དེ་ལ་འཛིན་སྐྱོང་བཀའ་ཤག་གིས་བདག་པོ་བརྒྱབ་པའི་རྗེས་ལ་གྲོས་ཚོགས་ནས་སྒྲིག་གཞི་འདི་འདྲ་ཞིག་གཏན་འབེབས་གནང་བ་རེད། འོན་ཀྱང་བར་ལམ་ལྷན་ཚོགས་འདི་ལ་ལྟ་སྟངས་མི་འདྲ་བའི་རྣམ་པ་ཤུགས་ཆེན་པོ་ཞིག་ཡོང་གི་འདུག དེར་བརྟེན་གྲོས་ཚོགས་ནང་བགྲོ་གླེང་གནང་བ་གཞིར་བཞག་དང་གྲོས་ཆོད་ཀྱི་ནང་དོན་གཞིར་བཟུང་གིས་ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་བཙུགས་པའི་སྐབས་སུ་ལམ་སྟོན་དང་པོ་དེ་ལྷན་ཚོགས་འདི་དགོས་ཀྱི་ཡོད་མེད་དང་དགོས་ན་མཐུན་འགྱུར་དང་ནུས་པ་ལྡན་པ་ཞིག་གང་འདྲ་བྱས་ནས་བཟོ་དགོས་ཐད་བསམ་བློ་གཏོང་དགོས། གྲོས་ཚོགས་ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཐོག་བཀའ་བསྡུར་མང་པོ་གནང་བ་རེད། འཛིན་སྐྱོང་དང་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་གཙོས་གསོ་རིག་རིག་གཞུང་བསྟི་གནས་ཁག་ནས་གལ་ཆེན་པོ་འདུག་ཅེས་གཅིག་པུ་མ་གསུངས་པར་མཐུན་འགྱུར་དང་ནུས་པ་དང་ལྡན་པ་ཞིག་གང་འདྲ་བཟོ་དགོས་ཐབས་ཤེས་གནང་དགོས། གྲོས་ཚོགས་ནང་གྲོས་ཆོད་དོན་ཚན་བཞི་བཞག་ཡོད་ཁོངས་དོན་ཚན་༢།༣།༤ པ་དེ་ལྷན་ཚོགས་རྒྱུན་གནས་དང་ནུས་པ་དང་ལྡན་པ་བཟོ་རྒྱུ་དེ་རེད། རེ་བ་ལ་གྲོས་ཚོགས་ཀྱི་ཚོར་བ་ཆ་ཚང་ཞིག་གྲོས་ཚོགས་ནང་བཏོན་ནས་གྲོས་ཆོད་གཏན་འབེབས་བྱས་ཡོད་པ་རེད། འཛིན་སྐྱོང་གི་ངོས་ནས་ཡིན་ནའང་རྗེས་ལོའི་དངུལ་རྩིས་ནང་གང་འདྲ་ཞིག་ཡོང་དགོས་ཀྱི་ཡོད་ན་ཐབས་ཤེས་ཡོད་དགུ་བཙལ་ནས་འདོན་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག་ཅེས་སྐུ་མགྲོན་གཙོ་བོ་མཆོག་ནས་ཐུགས་འགན་ཆེར་བཞེས་ཀྱིས་བཀའ་སློབ་ནན་ཏན་གནང་། དེ་རྗེས་ཟབ་སྦྱོང་དངོས་གཞི་སྒོ་བཙུགས་གནང། ཟབ་སྦྱོང་འདིར་རྒྱ་གར་མངའ་སྡེ་ས་ཕྱོགས་འདྲ་མིན་ནས་སྨན་པ་གྲངས་༢༥ མཉམ་བཞུགས་གནང་ཡོད་པ་དང། ཟབ་སྦྱོང་གི་ཉིན་མཐའ་མའི་མཇུག་སྡོམ་མཛད་སྒོའི་ཐོག་དཔལ་ལྡན་བོད་ཀྱི་སྨན་རྩིས་ཁང་གི་སྐུ་ངོ་འགན་འཛིན་མཆོག་ཆེད་དུ་གདན་ཞུས་ཀྱིས་མཛད་སྒོའི་ཐོག་གསུང་བཤད་གནང་མཁན་མཁས་དབང་དང་ཚོགས་བཅར་བ་ཚང་མར་ཕྱག་འཁྱེར་བརྩལ་གནང་བ་དང་ཟབ་སྦྱོང་ལེགས་གྲུབ་བྱུང་བར་ཡིད་རངས་ཞུས་རྗེས་ཚོགས་བཅར་བ་ཚང་འཛོམས་ཀྱིས་སྨན་རྩིས་བསྟན་རྒྱས་སྨོན་ལམ་འདོན་རྗེས་ཉིན་དྲུག་གི་བོད་ཀྱི་གསོ་རིག་ཤེས་ཡོན་གོང་སྤེལ་གྱི་ཟབ་སྦྱོང་ལེགས་གྲུབ་བྱུང་བ་བཅས་ལས་བསྡོམས་སྙིང་བསྡུས་སུ།།

ཟབ་སྦྱོང་གི་ལས་བསྡོམས་འདྲ་དཔར་བཅས་འདིར་བསྣུན་ན་གཟིགས་ཀློག་ཐུབ།།