Central Council of Tibetan Medicine

གསལ་བསྒྲགས། གཡུ་ཐོག་སྙིང་ཐིག་སྔོན་འགྲོ།

 

༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་གསོ་རིག་སྨན་པ་ཡོངས་ཀྱི་སྙན་ལམ་དུ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསལ་བསྒྲགས་ཞུ་སྙིང་། གསོ་རིག་བསྟན་པ་སྤྱི་དང་བྱེ་བྲག་བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམས་ནས་ལག་ལེན་མྱོང་ཐོག་ཏུ་གསོ་རིག་རྒྱུད་ཀྱི་ཟབ་དོན་གཡུ་ཐོག་སྙིང་ ཐིག་གི་དབང་ལུང་ཁྲིད་གསུམ་དང་དེ་འབྲེལ་སྒྲུབ་པ་ཉམས་ལེན་གྱི་རྒྱུན་དག་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེར་དམིགས་ནས་བསྟན་པའི་བདག་པོ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་གྲུབ་པ་མཆོག་གི་ ཞབས་པད་དུ། རང་ཅག་དོན་གཉེར་ཅན་གྱི་གསོ་རིག་སྨན་པ་རྣམས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་དང་དམིགས་བཀར་བླ་སྒྲུབ་ཀྱི་ཉམས་ལེན་བསྙེན་མཚམས་དང་བཅས་པའི་གདམས་པ་ཟབ་མོ་བསྩལ་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབས་པར། རིན་པོ་ཆེ་མཆོག་ནས་གསོ་རིག་བསྟན་པ་དང་དེ་འཛིན་སྨན་པ་རྣམས་ལ་ཐུགས་བརྩེས་དགོངས་ནས་ཞལ་བཞེས་བཀའ་བཟང་ཕེབས་པ་ནི་གསོ་བ་རིག་པའི་བསྟན་པ་སྤྱི་དང་ལྷག་པར་གསོ་ རིག་རྒྱུད་པ་འཛིན་པ་རྣམས་ལ་སྐལ་བཟང་གྱི་དུས་ཚེས་ཞིག་ཡིན་པ་གོར་མ་ཆག

མཁྱེན་ཆུབ་བཞིན་བོད་ཀྱི་གསོ་བ་རིག་པ་ནི་ཚན་རིག་ཙམ་མིན་པར་ཟབ་མོ་ནང་ཆོས་དང་འབྲེལ་ནས་ སྨན་རྣམས་སྔགས་དང་ཏིང་འཛིན་ཕྱག་རྒྱས་བྱིན་རླབས་པ་དང་སྨན་པ་རང་ཉིད་ཚེ་གཅིག་རིག་འཛིན་སྒྲུབ་པ་ལ་དབང་འབྱོར་བ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན་ཅིང་། ལྷག་པར་དེང་གི་གསོ་རིག་སྨན་པ་རྣམས་ལ་སྔོན་བྱོན་ མེས་པོ་རྣམས་ཀྱི་ཕྱག་རྒྱུན་དང་། དབང་ལུང་མན་ངག་དང་ཆོ་ག་ཕྱག་ལེན་ཆ་ཚང་ཚད་དང་ལྡན་པ་ཐོབ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་རྟེན་ད་ལན་ལྷན་ཚོགས་ནས་གཡུ་ཐོག་སྙིང་ཐིག་གྱི་ཉམས་ལེན་བསྙེན་མཚམས་ཀྱི་ལས་རིམ་འདི་གོ་སྒྲིག་ཞུས་ཡོད་ན་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཟབ་ཆོས་བླ་སྒྲུབ་ཉམས་ལེན་གནང་འདོད་ཡོད་པ་རྣམས་ནས་ཕྱི་ལོ་  ༢༠༢༢ ཟླ་ ༡ ཚེས་༣༠ འགྱངས་མེད་ལྷན་ཚོགས་སུ་མཚན་ཐོ་འབུལ་གནང་ཡོང་བའི་གསལ་བསྒྲགས་སུ།   བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་ ༨ ལྷག་དཀར་དགེ་བའི་ཉིན་ཕུལ།

ཐུགས་སྣང་།: 

༡། བསྙེན་མཚམས་ཀྱི་དུས་ཚེས། ཕྱི་ལོ་ ༢༠༢༢ ཟླ་ ༤་ ༥་ ༦་ ༧ རབ་གནས་ཆུ་སྟག བོད་ཟླ་ ༢་ ༣་ ༤་ ༥

༢། ཡུན་ཚད། སྔོན་འགྲོའི་རིམས་འགྲོ་དང་། དངོས་གཞིའི་ཉམས་ལེན། མཇུག་གི་སྒྲུབ་པ་བཅས་ལ་ཁྱོན་ཉིན་གྲངས། ༡༡༠

༣། ས་གནས། གདན་ས་དཔལ་སྤུངས་ཤེས་རབ་གླིང་། ཧི་མཱ་ཅལ། རྒྱ་གར།

༤། མཉམ་འབྲེལ་ཚོགས་པ། གསོ་རིག་ལྷན་ཚོགས། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བླ་བྲང་། དཔལ་སྤུངས་རིག་གནས་མཐོ་སློབ་བཅས།

༥། ཚོགས་ཞུགས་ཆ་རྐྱེན། ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པ་དང་ཚོགས་དངུལ་དུས་ཐོག་ཕུལ་ཟིན་པ།

༦། སྨན་པའི་གྲངས་ཚད། མང་མཐར་སྨན་པ་གྲངས་ ༡༥

༧། མཐུན་འགྱུར། སྒྲུབ་ཁང་དང་། བསྙེན་སྒྲུབ་ཉིན་རེའི་དུས་གསུམ་གྱི་གསོལ་ཚིགས། ཉེར་མཁོའི་བསྙེན་        མཚམས་ཀྱི་མཆོད་གཏོར་སོགས་མཆོད་རྫས།

༨། མཚན་ཐོ་འབུལ་ཡུལ། གློག་འཕྲིན་ཁ་བྱང་། cctm2004@gmail.com / soriglhentsog2004@gmail.com

*******************

གསལ བསྒྲགས ཤོག ཨང དང པོ།

གསལ བསྒྲགས ཤོག ཨང གཉིས པ།