Central Council of Tibetan Medicine

༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ལ་གཟེངས་རྟགས་འབུལ་བ།

ད་ཉིན་བོད་རྒྱལ་ལོ་༢༡༤༤ རྒྱལ་ཟླ་བའི་ཡར་ངོའི་ཚེས་༡༠ ཕྱི་ལོ་༢༠༡༨ ཟླ་༡ ཚེས་༢༦ རྒྱ་གར་འཕགས་པའི་ཡུལ་འདིར་མང་གཙོ་དབུ་བརྙེས་ནས་ལོ་ངོ་༦༩ འཁོར་བའི་རྟེན་འབྲེལ་གྱི་དུས་བཟང་དེའི་ཐོག་༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་དབུས་གཞུང་ནས་པདྨ་ཤྲི་གཟེངས་བསྟོད་རྟགས་མ་འབུལ་རྒྱུའི་མཚན་འདོན་གནང་བར་བོད་ཕྱི་ནང་གཉིས་ནང་གནས་བཞུགས་འཚོ་བྱེད་སྨན་པ་ཡོངས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག བླ་སྨན་པ་མཆོག་སྐུ་ཉིད་ནས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་གསོ་བ་རིག་པའི་བསྟན་དོན་སྤྱི་དང་ཡང་སྒོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་ཉམས་ཐག་པའི་འགྲོ་བ་ནད་པའི་ཚེ་སྲོག་སྐྱབས་པའི་ཞབས་འདེབས་བླ་ལྷག་ཞུས་གནང་མཛད་པར་ངོས་སྨན་པ་ཡོངས་ནས་བཀའ་དྲིན་ཆེ་ཆེ་ཞེས་ཞུ།

པདྨ་ཤྲི་གཟེངས་རྟགས་འདི་ནི་རྒྱ་གར་གཞུང་ནས་ཆེས་གཟེངས་སུ་ཐོན་པའི་མཛད་རྗེས་གནང་མཁན་རྣམས་ངོས་འཛིན་ཆེད་རྟགས་མ་ཕུལ་བཞིན་ཡོད་ལ་འདི་ནི་བྷཱ་ར་ཏ་རཏྣའི་རྗེས་ཀྱི་གཟེངས་རྟགས་མཐོ་ཤོས་བཞི་པ་དེ་ཆགས་ཀྱི་ཡོད།

ད་ལན་༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ལ་པདྨ་ཤྲི་གཟེངས་བསྟོད་རྟགས་མ་འབུལ་གནང་བ་འདིས་གསོ་བ་རིག་པའི་ལོ་རྒྱུས་ཐོག་ཆེས་གཟི་བརྗིད་དང་རྗེས་འཛིན་སྨན་པ་ཡོངས་ལ་གདེངས་སྤོབ་སྐྱེ་འོས་ཀྱི་གཞིར་གྱུར་ཡོད་ན་ངོས་སྨན་མིང་འཛིན་ཡོངས་ནས་༸རྒྱལ་བའི་བླ་སྨན་ཟུར་པ་མཆོག་སྐུ་ཉིད་དང་ལྷག་པར་རྒྱ་གར་དབུས་གཞུང་དང་འབྲེལ་ཡོད་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ནས་ད་ལན་གཟེངས་རྟགས་འདི་འབུལ་བ་བརྒྱུད་གསོ་བ་རིག་པར་ཆེ་མཐོང་དར་སྤེལ་གནང་བར་ཐུགས་རྗེ་ཆེ་ཆེ་ཞེས་ཞུ།།

༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་གི་ལོ་རྒྱུས་སྙིང་བསྡུས།།

ཕྱི་ལོ་༢༠༡༨ ཟླ་༡ ཚེས་༢༨ ཉིན་ལྷན་ཚོགས་ཀྱི་ཚོགས་གཞོན་སྨན་པ་ཨོ་ཤོད་བསོད་ནམས་སྒྲོལ་དཀར་ལགས་དང་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་གཉིས་༸སྐུའི་བླ་སྨན་ཟུར་པ་མཆོག་ལ་འཚམས་འདྲིའི་མཇལ་དར་དང་ཞུ་ཡིག་དང་བཅས་ཆེད་བཅར་ཞུས།།