Central Council of Tibetan Medicine

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག

རྒྱབ་ལྗོངས། 

༄༅། །བོད་གཞུང་སྨན་རྩིས་ཁང་གི་ཡོངས་ཁྱབ་སྒྲིག་གཞི་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་རྒྱུའི་རེ་འདུན་ཞུས་པ་བཞིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་༢༠༠༠ ཟླ་༣ ཚེས་༢༡ ཉིན་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང། སྨན་སྦྱོར་གྱི་སྒྲིག་འཆར་ཁག་གཉིས་འདོན་གནང་མཛད་པར་གྲོས་ཚོགས་ནས་སྒྲིག་འཆར་དེའི་ཐོག་ཆེད་འཛུགས་ཚོགས་ཆུང་བཙུགས་དགོས་པའི་སྤྱི་མོས་གྲོས་ཆོད་བྱུང་དོན་ལྟར་ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང། ཚོགས་ཆུང་ནས་སྔོན་དུ་ཕུལ་ཟིན་པའི་སྒྲིག་འཆར་ཁག་གཉིས་སྒྲིག་གཞིའི་ངོ་བོ་དང་ལག་ལེན་བསྟར་སྟབས་བདེ་ལོས་གང་ས་ནས་སྒྲོམ་གཞི་དེའི་ཐོག་གྲོས་ཚོགས་སུ་གཏན་འབེབས་གནང་འོས་ཆེ་བ་ཞིག་མ་མཐོང་བས་བསྐྱར་དུ་དགོངས་བཞེས་མ་དགོས་པར་ཅམ་བཞག་གནང་རྒྱུའི་རྒྱབ་གཉེར་ཞུས་ཡོད། དེའི་ཚབ་ཏུ་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་དང་སྨན་པ། སྨན་སྦྱོར་བཅས་ཚད་ལྡན་ཡོང་ཆེད་བཏང་འཛིན་བྱེད་པོ་བཙན་བྱོལ་བོད་མིའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཅིག་གཏན་འབེབས་ཐུབ་ན་ལེགས་ཚོགས་ཆེ་བར་གཟིགས་ཏེ། དེའི་ཆེད་རག་ཟིན་ཞིག་གྲོས་ཚོགས་ཀྱི་དགོངས་བཞེས་ཆེད་ཚོགས་ཆུང་ནས་གྲོས་ཚོགས་སུ་ཕུལ། སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཞུང་འབྲེལ་གྲོས་ཆོད་ཅིག་བཞག་ཡོད། ཚོགས་དུས་༡༠ ཐོག་སྣལ་འཇོག་གནང་བའི་གཞུང་འབྲེལ་གྲོས་ཆོད་ཨང་ ༡༢།༡༠།༡༠༨ འཁོད་པར། བཀའ་ཤག་ནས་འཛིན་སྐྱོང་བཀོད་ཁྱབ་༢༠༠༠།༡༠།༡༢ འཁོད་གནང་བ་གཞིར་བཟུང་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་། དཔལ་འབྱོར་འདུ་འགོད་སྒྲིག་གཞི་གཏན་འབེབ་དགོས་ཕེབས་ལྟར། སྒྲིག་གཞི་ཟིན་བྲིས་ཚོགས་ཆུང་ཞིག་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་ཐུན་མོང་ནས་ཕྱི་ལོ་༢༠༠༠ ལོའི་ཕྱི་ཟླ་༡༡ ཚེས་༦ ཉིན་བསྐོས་གཞག་སོང་བ་དང། ཕྱི་ལོ་༢༠༠༠ ཟླ་༡༢ ཚེས་༢༥ ནས་ཚེས་༢༨ བར་དབུས་སྨན་རྩིས་ཁང་དུ་ཡོད་པའི་སྨན་རམས་པ་ཆུང་བ་ཡན་གྱི་སྨན་པ་རྣམས་ལྷན་འཛོམས་ཀྱིས་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་འཆར་ཟིན་ལ་དགོངས་འཆར་ཚོགས་འདུ་བསྐྱངས་ཏེ་ཟིན་བྲིས་དང་པོ་འཕྲོད་ལས་སུ་ཕུལ། འོན་ཀྱང་དེ་སྐབས་དཔལ་འབྱོར་འདུ་འགོད་ཐད་བཀའ་བསྡུར་བྱུང་མེད། ༢༠༠༡ ཟླ་༣ ཚེས་༡༦།༡༧ ཉིན་གཉིས་རིང་སྨན་རྩིས་ཁང་གི་དབུས་དང་ཕྱོགས་མཐའི་མི་བཅས་ཚོགས་འཛོམས་ཀྱིས་ཁྲིམས་ཡིག་ཟིན་བྲིས་དོན་ཚན་རེ་རེ་སྟེང་བགྲོ་གླེང་ལྷུག་པོར་གནང་སྟེ་ཟིན་བྲིས་ལ་བསྣོན་འཕྲི་སྤོར་གཅོག་དང་། བསྒྱུར་བཅོས་བཏང་བའི་མ་ཟིན། ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་གནང་ཕྱོགས་སྐོར་བཏོན་པའི་དགོངས་འཆར་ཁག་འཕྲོད་ལས་སུ་ཕུལ། ༢༠༠༡ ཟླ་༧ ཚེས་༢༡ འཁོད་སྨན་རྩིས་ཁང་ནས་བོད་གཞུང་འཕྲོད་ལས་སུ་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བཀའ་ཤག་བརྒྱུད་གྲོས་ཚོགས་སུ་སྙན་སེང་ཡོང་བ་ཞུས་དོན་བཞིན། བོད་གཞུང་འཕྲོད་ལས་ནས་༢༠༠༡ ཟླ་༧ ཚེས་༢༣ འཁོད་བཀའ་ཤག་ཏུ་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་རྒྱབ་གཉེར་ཡོང་ཞུར་བཀའ་ཤག་ནས་༢༠༠༡།༨།༢ འཁོད་བཀའ་ཤག་གསར་པའི་ཐོག་སྙན་སེང་གནང་དགོས་ཕེབས་དོན་ལྟར། ༢༠༠༢ ཟླ་༡ ཚེས་༡༦ འཁོད་འཕྲོད་ལས་སུ་དེ་དོན་བཀའ་ཤག་རྒྱུད་གྲོས་ཚོགས་སུ་སྙན་སེང་ཡོང་བའི་འབོད་སྐུལ་སྨན་རྩིས་ཁང་ནས་ཞུས་པ་བཞིན་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་ཤག་ནས་སྙན་སེང་གནང་ཐོག གྲོས་ཚོགས་ནས་སྨན་པའི་ལྷན་ཚོགས་ཀྱི་རག་ཟིན་ཁྲིམས་ཡིག་དེར་ཐག་གཅོད་མ་བྱུང་བར་བསྐྱར་དུ་ཚོགས་ཆུང་ཞིག་གསར་འཛུགས་གནང་རྒྱུའི་གྲོས་ཆོད་བཞག་ཡོད། ཚོགས་ཆུང་ནས་རགས་ཟིན་ཁྲིམས་ཡིག་ལ་སྣོན་འཕྲི་སྤོར་གཅོག་དང། བསྒྱུར་བཅོས་ཇི་དགོས་བཏང་གནང་མཛད་དེ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་གྲོས་ཚོགས་སུ་ཡིག་ཆ་ཨང་།༡༣ པ་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཐད་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང། གྲོས་ཚོགས་ནས་༼བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག ༽ ཅེས་པ་འདི་བཞིན་གཏན་ལ་ཕབ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོར་ཆོག་མཆན་ཞུས་བསྩལ་བྱུང་བ་ནས་ཁྲིམས་ཡིག་ཏུ་གྱུར་ཡོད།།

བསྐྱར་སྒྲིག་གསལ་བཤད།

༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་འདི་བཞིན་བོད་རྒྱལ་ལོ་༢༡༣༠ ཕྱི་ལོ་༢༠༠༣ ལོར་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་དུས་༥ པར་ཁྲིམས་ལུགས་གཞིར་བཟུང་སྤྱི་མོས་ཀྱིས་གཏན་ལ་ཕབ་ཅིང་༸སྤྱི་ནོར་༸གོང་སྐྱབས་མགོིན་ཆེན་པོ་མཆོག་ནས་ཕྱི་ལོ་༢༠༠༣ ཟླ་༤ ཚེས་༣ ཉིན་ཚད་འཛིན་མཚན་རྟགས་བསྩལ་གནང་མཛད། ཕྱི་ལོ་༢༠༠༣ ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཐུགས་འགན་གཙོ་བཞེས་ཀྱིས་ཁྲིམས་ཡིག་འདི་ཐོག་མར་པར་བསྐྲུན་གནང་ནས་ཕྱི་ལོ་༢༠༠༤ ཟླ་༡ ཚེས་༤ ནས་ཚེས་༦ བར་ཉིན་གསུམ་རིང་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་ཐོག་ལྷན་ཚོགས་ཀྱི་ཁྲིམས་ཡིག་གསལ་བསྒྲགས་གནང། ཕྱི་ཚེས་༥ ཉིན་ཚོགས་ཐོག་ཏུ་ཕྱི་ནང་ནས་ཕེབས་པའི་སྨན་པ་རྣམས་ནས་སྐབས་དང་པོའི་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་གནང་བའི་རྗེས་ལྷན་ཚོགས་འདི་དངོས་སུ་ཚུགས་གནང་། ཁྲིམས་ཡིག་འདིའི་དགོངས་དོན་འོག་བོད་ཀྱི་གསོ་བ་རིག་པའི་སྨན་པ་དང་། གསོ་རིག་སྨན་གྱི་སློབ་གཉེར་ཁང་། དེ་བཞིན་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་བཅས་ལ་ཚད་ལྡན་བཏང་འཛིན་གྱི་ལག་བསྟར་རྒྱུད་རིམ་ནང་དངོས་སུ་དཀའ་ངལ་ཇི་ཕྲད་ལ་ཚིག་བསྣོན་བསྐྱར་བཅོས་དགོས་ངེས་རྣམས་འཕྲོད་བསྟེན་ལས་ཁུངས་སུ་ཕུལ་བར་དེ་ནས་ཞིབ་འཇུག་གིས་དོན་ཚན་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སུ་ཕུལ་ཞིང་གྲོས་ཚོགས་ནས་གྲོས་གཞིའི་དོན་ཚན་ཐོག་བགྲོ་གླེང་གིས་སྤྱི་མོས་དང་མང་མོས་ཐོག་གྲོས་ཆོད་གཏན་འབེབས་གནང་ཞིང་ད་བར་ཁྲིམས་ཡིག་འདི་ལ་ལྷན་ཚོགས་ནས་ཁྲིམས་འཆར་ཕུལ་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་མིང་བྱང་དང་སྲིད་སྐྱོང་གི་མཚན་གནས་ལ་བསྒྱུར་བ་སོང་བའི་དོན་གནད་ལས་བསྐྱར་བཅོས་རིམ་པ་ཐེངས་ལྔ་བྱུང་ཡོད་པ་ཡིན། བསྐྱར་བཅོས་ཀྱི་དོན་ཚན་རྣམས་གཤམ་དུ་ཁྲིམས་ཡིག་བསྐྱར་བཅོས་ནང་ཁ་གསལ་ཡོད་ཅིང་། བསྐྱར་བཅོས་དང་པོ་དེ་ཕྱི་ལོ་༢༠༠༧།༡༠།༠༦ ཉིན་དང་བསྐྱར་བཅོས་གཉིས་པ་དེ་ཕྱི་ལོ་༢༠༡༠།༣།༢༤ དང་བསྐྱར་བཅོས་གསུམ་པ་དེ་༢༠༡༡།༡༠།༡༤ དང་བསྐྱར་བཅོས་བཞི་པ་དེ་ཕྱི་ལོ་༢༠༡༢།༩།༢༦ དང་བསྐྱར་བཅོས་ལྔ་པ་དེ་ཕྱི་ལོ་༢༠༡༥ ཟླ་༩།༢༨ ཉིན་སོང་ཡོད་པ་བཅས་བསྐྱར་བཅོས་དོན་ཚན་ཆ་ཚང་བ་ད་ལན་བསྐྱར་སྒྲིག་ཞུས་པ་བཅས་བོད་ཀྱི་གསོ་བ་རིག་པའི་སྐབས་བཞི་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༦ ཟླ་༡ ཚེས་༡༥ ལ།།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་༢༠༠༣ འདིར་བསྣུན་ན་བཀླག་ཐུབ། 

བསྐྱར་བཅོས་ཁག

བསྐྱར་བཅོས་དང་པོ། ༢༠༠༧

བསྐྱར་བཅོས་གཉིས་པ། ༢༠༡༠

བསྐྱར་བཅོས་གསུམ་པ། ༢༠༡༡

བསྐྱར་བཅོས་བཞི་པ། ༢༠༡༢

བསྐྱར་བཅོས་ལྔ་པ། ༢༠༡༥

བསྐྱར་བཅོས་དྲུག་པ། ༢༠༡༦

བསྐྱར་བཅོས་བདུན་པ། ༢༠༡༧ ཤོག་བུ་དང་པོ། ཤོག་བུ་གཉིས་པ།