སྨན་སྦྱོར་ཁང་དུ་རྟོགས་ཞིབ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༤ ལོར་རྡ་ས་ཁུལ་དུ་ཡོད་པའི་གཡུ་ཐོག་སྙིང་ཐིག་གསོ་རིག་སྨན་སྦྱོར་ཁང་དེ་བཞིིན་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་ལོ་གསུམ་གྱི་ཕྲལ་སེལ་ངོས་ལེན་དེབ་སྐྱེལ་གནང་ཞིང་སྔ་ལོ་ ཟླ་༡༡ ནང་སྤྱི་བཏང་ལོ་འཁོར་རྟོགས་ཞིབ་ཆེད་ཕེབས་གནང། གོང་གསལ་ཕྲལ་སེལ་དེབ་སྐྱེལ་དུས་བཀག་དེ་བཞིན་ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༡༩ ནས་གཙང་བཞིན་ཡོད་པར་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་དགོངས་དོན་ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༢༠ ཉིན་ལྷན་ཚོགས་ཀྱི་ཚོགས་མི་༸རྒྱལ་བའི་སྐུ་བཅར་སྨན་རམས་པ་སྤེན་པ་ཚེ་རིང་ལགས་ཀྱི་གཙོ་སྐྱོང་འོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་མི་སྐུ་ཞབས་བསོད་ནམས་སྟོབས་རྒྱལ་ལགས་དང་རྡ་ས་ས་གནས་འགོ་འཛིན་སྐུ་ཞབས་ཟླ་བ་རིན་ཆེན་ལགས་བཅས་ཚོགས་མི་གསུམ་ལས་གྲུབ་པའི་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་གོང་གསལ་སྨན་སྦྱོར་ཁང་དུ་རྟོགས་ཞིབ་ཆེད་ཕེབས་གནང་ཡོད། སྒྲིག་མཐུན་ཚོགས་ཆུང་གི་ལས་བསྡོམས་སྙན་ཐོ་དང་ཡིག་ཆ་ཁག་བཅས་ཟླ་གཅིག་ནང་ཚུད་ལྷན་ཚོགས་སུ་འབྱོར་དགོས་པ་དེ་དག་འབྱོར་མཚམས་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་འདུའི་ཐོག་རྟོགས་ཞིབ་ལས་བསྡོམས་དང་ཡིག་ཆ་ཁག་ལ་གཟིགས་ཞིབ་གྲོས་བསྡུར་གྱིས་ཐག་གཅོད་གནང་རྒྱུ་ཡིན་པ་དེ་དོན་གནས་ཚུལ་དུ།།              

སྨན་པ་དེབ་སྐྱེལ།

ཕྱི་ལོ་༢༠༠༦ ལོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་རིག་སྨན་པ་རྣམས་དེབ་སྐྱེལ་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་དགོངས་དོན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་ནས་སློབ་ཐོན་སྨན་པ་ཚེ་དབང་བུམ་ཆོག་གུ་རུང་ལགས་དང་སྨན་པ་ཚེ་རིང་གཡུ་སྒྲོན་གཡས་རུ་ཚང། སྨན་པ་ཚེ་དབང་བཟང་མོ་གུ་རུང་གསུམ་ཚད་ལྡན་སྨན་པའི་ཁོངས་དེབ་སྐྱེལ་གནང་བ་ལས་ད་བར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་འོག་གསོ་རིག་སྨན་པ་གྲངས་༤༦༧ ཁྲིམས་མཐུན་དེབ་སྐྱེལ་གནང་ཟིན་ཡོད།

གསོ་རིག་སློབ་གཉེར་ཁང་དུ་རྟོགས་ཞིབ་གནང་བ།

བོདཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༧ ཟླ་༡༠ ཚེས་༣༠ ཉིན་ལྷན་ཚོགས་ཀྱི་ཚོགས་མི་སྨན་པ་ཚེ་རིང་དཔལ་མོ་ལགས་ཀྱི་གཙོ་སྐྱོང་འོག་ལྷན་ཚོགས་ཀྱི་ཚོགས་མི་སྨན་པ་རིག་འཛིན་དབང་གྲགས་ལགས་དང། ས་གནས་སྨན་པ་བཀྲ་ཤིས་སྟོབས་རྒྱལ་ལགས་དང་། ས་གནས་འགོ་ལས་ཀྱི་སྐུ་ཚབ་མཐའ་ཡས་ཆོས་སྒྲོན་ལགས་བཅས་རྟོགས་ཞིབ་ཚོགས་མི་བཞི་ལས་གྲུབ་པའི་ཚོགས་ཆུང་གི་ཚོགས་མི་རྣམས་ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་དུ་ལོ་འཁོར་རྟོགས་ཞིབ་ཆེད་ཕེབས་གནང་ཡོད། ཚོགས་ཆུང་གི་ལས་བསྡོམས་སྙན་ཐོ་དང་ཡིག་ཆ་ཁག་བཅས་ལྷན་ཚོགས་ཚོགས་ཐེངས་རྗེས་མའི་ནང་གྲོས་བསྡུར་གནང་རྒྱུ་ཡིན།

སྨན་པའི་ས་དམིགས་གསལ་བསྒྲགས།

སྨན་པའི་ས་དམིགས་གསལ་བསྒྲགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསལ་བསྒྲགས་ཞུ་རྒྱུར། ལྷན་ཚོགས་ཚོགས་ཐེངས་༢༨ པའི་ཐོག་གྲོས་བསྡུར་གྲོས་ཆོད་དགོངས་དོན་ལྷན་ཚོགས་ཀྱི་ལས་ཁུངས་སུ་གཏན་སྡོད་ཆེད་ལས་སྨན་པ་གཅིག་ལོ་གཅིག་གི་རིང་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུའི་ཐག་གཅོད་བྱུང་ཡོད་ན་གཤམ་གསལ་ཆ་རྐྱེན་ཚང་ཞིང་བཞུགས་འདོད་ཡོད་པ་རྣམས་ནས་ཕྱི་ལོ་༢༠༡༧ ཟླ་༡༡ཚེས་༢༥ འགྱངས་མེད་ལྷན་ཚོགས་སུ་ཞུ་སྙན་འགེངས་ཤོག་(ལྷན་ཚོགས་དྲ་རྒྱའི་ནང་ནས་ཕབ་ལེན་བྱེད་ཐུབ་)བཀང་ནས་གནང་དགོས་པ་དང་ཆོད་གན་སྨན་པའི་ལས་འགན་དང་ཆ་རྐྱེན་སོགས་གཤམ་དུ་གསལ་ཡོད་པ་དེ་དོན་གསལ་བསྒྲགས་ཞུ།། ༡། ལས་གནས།    ཆེད་ལས་སྨན་པ། ༢། ངོ་བོ།          ཆོད་གན་ལས་བྱེད། ༣། ཤེས་ཚད།      དཀའ་བཅུ་པ་སློབ་ཐོན། ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པ།ཆེད་ལས་སྨན་པའི་ཉམས་མྱོང་ཡོད་པར་དམིགས་བསལ། ༤། ཡིག་ཆ་དགོས་ངེས།   སྨན་པ་དཀའ་བཅུ་པ་སློབ་ཐོན་ལག་འཁྱེར་ངོ་བཤུས། རྒྱ་གར་དུ་གནས་སྡོད་ཆོག་པའི་ཡིག་ཆ་(R.C)འདྲ་བཤུས། དཔྱ་ཁྲལ་ལག་དེབ་(Green Book)ཀྱི་འདྲ་བཤུས། གཟུགས་གཞི་བདེ་ཐང་ཡིན་པའི་ཚད་ལྡན་སྨན་པའི་ངོས་སྦྱོར། གལ་ཏེ་ཚོགས་པ་གཞན་ནང་ཕྱག་ལས་གནང་བཞིན་པ་ཡིན་ཚེ་ཚོགས་པ་དེ་ནས་འགག་ཆ་མེད་པའི་ཡེ་གེ་བཅས། ༥། ལས་འགན།   བརྟག་དཔྱད་སྨན་པ་དང་ཡིག་ཆ་མཁོ་སྒྲུབ། ༦། གླ་ཕོགས་ཐོབ་ཐང།    ཟླ་རེར་ཧིན་སྒོར། ༢༥༠༠༠།༠༠ཁང་དོད་དང་ཡུལ་ཐང་གུན་གསབ་གཉིས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ནང་གསལ་ཐོབ་རྒྱུ། ༧། དྲི་རྩད་དུས་ཚེས་དང་ས་གནས།           ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༦ རེས་གཟའ་ལྷག་པ།ལྷན་ཚོགས་ཡིག་ཚང། ༨། ལས་ཀ་དངོས་གཞི་སྒོ་འཛུག    ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༡༥ བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༧ ཟླ་༩ ཚེས་༢༥ ལ།།

ལྷན་ཚོགས་ཚོགས་ཐེངས་ ༢༨ བསྐོང་ཚོགས་གནང་བ།

  བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་ཚོགས་ཐེངས་༢༨ པ་དེ་བཞིན་བཞུགས་སྒར་རྡ་རམ་སཱ་ལཱར་ཕྱི་ལོ་༢༠༡༧ ཟླ་༩ ཚེས་༡༡ ནས་ཚེས་༡༥ བར་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་ལྷན་ཚོགས་ཚོགས་མི་༡༡ ཡོད་པ་ལས་ཚོགས་མི་བརྒྱད་ཚོགས་བཅར་གནང་ཡོད། ཚོགས་འདུའི་གྲོས་གཞི་གྲོས་ཆོད་ཁག་གསོ་རིག་གསར་འཕྲིན་འདོན་ཐེངས་རྗེས་མའི་ནང་འདོན་རྒྱུ་ཡིན། ཚོགས་འདུའི་ཐོག་བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང་གི་གཏན་འཇགས་དེབ་སྐྱེལ་ལག་འཁྱེར་གནང་ཞིང་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་ནང་གསལ་གོང་གསལ་སྨན་སྦྱོར་སྡེ་ཚན་དེ་བཞིན་ལོ་གསུམ་གྱི་རིང་ཆོག་མཆན་ལག་འཁྱེར་གནང་ཡོད་པ་ཡིན།  

རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ།

༡། ཚོགས་ཆེན་ངོ་སྤྲོད། མཐོ་ཞིང་བརྗིད་ཆགས་ལ་ཡིད་དུ་འོང་བའི་གངས་རིའི་མུ་འཁྱུད་ཀྱིས་ཕྲེང་བས་ཚར་དུ་དངར་བའི་བསིལ་ལྡན་ཁ་བ་རིག་པའི་ཡུལ་ལྗོངས་ནི་འཛམ་གླིང་གི་ཡང་རྩེར་གནས་ཤིང་མཛེས་སྡུག་མངོན་པར་བཀྲ་བའི་བཀོད་པ་ཕུན་སུམ་ཚོགས་པ་ཙམ་མ་ཟད་རང་བྱུང་ཁམས་ཀྱི་ཁོར་ཡུག་ནང་རིན་ཆེན་གཏེར་སྨན་དང་སྐྱེ་དངོས་རྩི་ཤིང་སོགས་ཀྱིས་རབ་ཏུ་ཕྱུག་ཅིང་ཁྱད་དུ་འཕགས་པའི་སྨན་ལྗོངས་ལྟ་ན་སྡུག་པའི་ཞིང་ཁམས་གཉིས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེང་རབས་མནའ་རྫས་ཞིབ་འཇུག་མཁན་གྱིས་དཔྱད་དོན་ལྟར་ན་བོད་དང་བོད་མི་རིགས་ནི་ཉུང་མཐར་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད་པའི་བདེན་དཔང་བྱེད་བཞིན་ཡོད་པ་དང་།ཡང་རང་བྱུང་བྲག་ཕུག་གི་ནང་དུ་རྙེད་སོན་བྱུང་བའི་གདོད་མའི་བོད་མིའི་རུས་སྒྲོམ་ལ་དཔྱད་ཞིབ་བྱས་པ་ལྟར་ན་ལོ་ངོ་ཆིག་ཁྲི་ལྷག་གི་ལོ་རྒྱུས་ཀྱི་བྱུང་བ་གསལ་བཤད་བྱེད་བཞིན་ཡོད། གང་ལྟར་ཡང་སྐབས་འདིར་བོད་ཀྱི་གསོ་བ་རིག་པར་མཚོན་ན་མ་མཐར་ཡང་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད་པ་དང་། ལྷག་པར་དུ་རྣམ་དཔྱོད་ཀྱིས་རྩལ་རབ་ཏུ་ཕྱུག་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྤྱི་དང་སྒོས་སུ་ཆོས་རྒྱལ་ཆེན་པོ་ཚངས་པ་ལྷའི་མེ་ཏོག་དཔལ་གྱིས་གནའ་བོའི་བོད་ཀྱི་ཁྱིམ་མཚེས་རྒྱ་དཀར་ནག་སོགས་ཡུལ་གྲུ་ཁག་ནས་ལེགས་ཆའི་སྙིང་པོ་རྣམས་གཅིག་ཏུ་སྡུད་ཕྱིར་ཕྱོགས་ཀྱི་སྨན་པ་མཁས་པ་དགུ་གདན་དྲངས་ཏེ་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དེ་པུར་རྒྱལ་བོད་ཀྱི་བཙན་པོའི་རླབས་ཆེན་ཐུགས་དགོངས་ལྟར་དུས་རབས་བརྒྱད་པའི་ནང་དུ་ཚོགས་ཐུབ་པ་བྱུང་ཡོད། སྟོན་པ་གཤེན་རབ་མི་བོ་ཆེའི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་དཔྱད་བསྟན་པ་མ་བསྐྱངས་པའི་སྔ་རོལ་ནས་གདོད་མའི་བོད་རིགས་མི་དམངས་ཀྱིས་འཚོ་གནས་ཁྲོད་དུ་རང་བྱུང་ཁམས་ཀྱི་ནད་རིགས་སྣ་ཚོགས་ལ་ཡུན་རིང་འཐབ་རྩོད་བྱས་པའི་མྱོང་གོམས་ཀྱི་ལག་ལེན་རིགས་དང་། གཡུང་དྲུང་བོན་གྱིས་བོད་ལུགས་གསོ་རིག་ཐོག་རྒྱལ་ཆེའི་གནས་བབ་བཟུང་བ་ནས་བརྩིས་པའི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་བར་དང་། དེ་ནས་མར་བརྩིས་པའི་ཆོས་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་དུས་མཉམ་པའི་བོད་སྨན་མཁས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་དུས་སྐབས་དང་། དེ་ནས་རིམ་བཞིན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་དང་། དེ་ལས་ཉེ་བར་བརྒྱུད་པའི་བྱང་པ་རྣམ་རྒྱལ་གྲགས་བཟང་དང་ཟུར་མཁར་མཉམ་ཉིད་རྡོ་རྗེ། ༸གོང་ས་ལྔ་པ་ཆེན་པོའི་སྐབས་མི་དབང་པཎ་ཌི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་སློབ་དཔོན་མཁྱེན་རབ་ནོར་བུ། སྤྱི་ལོ་༡༩༥༩ ལོར་རྒྱ་དམག་གིས་བོད་དྲག་པོས་བཙན་འཛུལ་བྱས་རྐྱེན་ལས་སྤྱི་ལོ་༡༩༦༡ ལོར་འཕགས་ཡུལ་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལྰར་༸གོང་ས་སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོས་སླར་ཡང་བོད་ཀྱི་སྨན་རྩིས་ཁང་གསར་བསྐྲུན་མཛད་དེ་སྐྱབས་བཅོལ་དུ་མི་ལོ་ཧྲིལ་པོ་༥༨ འདས་ཟིན་ པའི་བར་བཅས་གོང་གསལ་དུས་བབ་ཀྱི་དུམ་མཚམས་དང་སྤྱི་ཚོགས་ཀྱི་གནས་སྟངས་མི་འདྲ་བའི་ཆ་རྐྱེན་འོག་རང་བྱུང་ཁམས་ཀྱི་ནད་རིགས་སྣ་ཚོགས་ལ་ཡུན་རིང་འཐབ་རྩོད་བྱས་ཏེ་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་གཏན་ལ་ཕབ་སྟེ་ཟུང་དུ་སྤྲེལ་བ་ནས་བཟུང་སྟེ་བོད་དང་། རི་བོ་ཧི་མ་ལའི་རི་བརྒྱུད། བོད་ཀྱི་ཁྱིམ་མཚེས་ཡུལ་གྲུ་ཁག་ཏུ་དུས་རབས་དང་བསྟུན་ཏེ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དགོས་མཁོར་འཚམས་པའི་མཛད་རྗེས་དང་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།༸ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་ལྷག་པར་གཞལ་བར་དཀའ་བའི་ཐུགས་རྗེའི་བཀའ་དྲིན་གྱི་གྲིབ་བསིལ་འོག་བཞུགས་སྒར་རྡ་རམ་ས་ལཱར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ཡིག་དགོངས་དོན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་ཐོག་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དང་། ཝཱ་ཎ་བོད་ཀྱི་གཙུག་ལག་ཁང་གི་གསོ་རིག་སྡེ་ཚན་བཅས་མཉམ་འབྲེལ་གྱི་གོ་སྒྲིག་ད་ལན་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་འདི་གོ་སྒྲིག་ཞུ་བཞིན་ཡོད། བོད་ཀྱི་གསོ་བ་རིག་པ་འདི་དེང་འཛམ་གླིང་ནང་དར་ཁྱབ་ཆེ་ཆེར་འགྲོ་བའི་དུས་འདིར་གསོ་བ་རིག་པའི་བྱུང་བ་ལོ་རྒྱུས་ཐོག་བཅོས་མེད་ལྷད་མེད་ཀྱིས་འགྲེལ་བརྗོད་དར་སྤེལ་དང། དེ་བཞིན་གསོ་རིག་གཞུང་གི་བལྟ་གྲུབ་དང་བརྟག་ཐབས་རིག་པ། སྨན་རྫས་དང་སྨན་དཔྱད་སོགས་ཀྱི་ལག་ལེན་རྣམས་གཞུང་བཞིན་ཚད་ལྡན་དར་སྤེལ་ཡོང་རྒྱུ། ལྷག་པར་སྲོལ་རྒྱུན་རིག་པའི་སྨན་ལུགས་འདི་དེང་དུས་དང་མཐུན་པའི་ཉམས་ཞིབ་གནང་རྒྱུར་བཅས་ལ་དམིགས་ནས་ད་ལན་རྒྱལ་སྤྱིའི་ཚོགས་ཆེན་ཐེགས་གསུམ་པ་འདི་བསྐོང་ཚོགས་གནང་རྒྱུ་དང། ཚོགས་ཆེན་འདིའི་ཐོག་ལུགས་ཆེན་གསུམ་གྱི་སྨན་ལུགས་སྨནཔ་ཆེད་མཁས་དང་ཉམས་ཞིབ་པ། དེ་བཞིན་ནང་ཆོས་དང་སྐར་རྩིས་རིག་པའི་མཁས་དབང་། གཞན་ཡང་སྐད་ཡིག་དང་རིག་གཞུང་གཅིག་པའི་རྒྱལ་ཁབ་འབྲུག་དང། བལ་ཡུལ། རུ་སོག་ཁུལ་བཅས་ནས་སྨན་པ་གདན་ཞུ་གནང་འཆར་ཡོད་པ་ཡིན། ཚོགས་ཆེན་གྱི་ངོ་སྤྲོད་ལྡེབ་ཤོག་ཆེད་འདིར་བསྣུན། ༢། ལས་རིམ། ཉིན་དང་པོ། ༢༠༡༨།༢།༢༥ སྣེ་ལེན་དེབ་སྐྱེལ་དང་དབུ་འབྱེད་མཛད་སྒོ། ཉིན་གཉིས་པ། ༢༠༡༨།༢།༢༦ ཚོགས་འདུ་དངོས་གཞི། ཐུན་མོང་ཚོགས་ཐེངས། ༢ ཆ་བགོས་ཚོགས་ཐུན། ༡༢ དཔྱད་རྩོམ་སྒྲོག་སྦྱང། ༣ ཉིན་གསུམ་པ། ༢༠༡༨།༢།༢༧ ཐུན་མོང་ཚོགས་ཐེངས། ༢ ཆ་བགོས་ཚོགས་ཐུན། ༡༢ དཔྱད་རྩོམ་སྒྲོག་སྦྱང། ༣ ཉིན་བཞི་པ། ༢༠༡༨།༢།༢༨ ཐུན་མོང་ཚོགས་ཐེངས། … Continued

ཐུགས་གསོའི་འཕྲིན་ཡིག

ཕྱི་ལོ་༢༠༡༧ ཟླ་༥ ཚེས་༡༢ རེས་གཟའ་པ་སངས་ཉིན་འདི་ག་ཧི་མཱ་ཅལ་མངའ་སྡེའི་ཨཱ་ཡུ་ཝེ་དའི་བློན་ཆེན་ཤྲི་ཀཱ་རན་སིངྒ་མཆོག་སྙུན་གཞིའི་རྐྱེན་གྱིས་འདས་གྲོངས་སོང་བར་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ནས་ཁོང་གི་ནང་མི་བུ་ཕྲུག་ཚང་མར་ཐུགས་གསོ་དང་འདས་པོའི་ཆེད་གསོལ་སྨོན་ཞུ། ཁོང་ཉིད་ཧི་མཱ་ཅལ་མངའ་སྡེ་དང་ལྷག་པར་ཀུ་ལུའི་མི་མང་ཆེད་མི་ཚེ་ཧྲིལ་པོར་ཞབས་འདེགས་ཧུར་བསྐྱེད་ཞུས་པར་མི་མང་གིས་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དམ་པ་ཁོང་ཉིད་ཕྱི་མ་བདེ་བ་ཅན་གི་ཞིང་དུ་མྱུར་ནས་མྱུར་དུ་སྐྱེ་བར་འགྱུར་བའི་གསོ་བ་སྨོན་ལམ་ཞུ་རྒྱུ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས།།  

སྨན་ཁང་དེབ་སྐྱེལ་དང་འབྲེལ་བའི་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསལ་བསྒྲགས་ཞུ་སྙིང། ཉེ་བའི་འཆར་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ནས་མངའ་སྡེའི་ནང་བརྟག་དཔྱད་སྨན་ཁང་ཁག་ཅིག་ལ་དེབ་སྐྱེལ་ཡོད་མེད་རྟོགས་ཞིབ་ཆེད་བསྐྱོད་གནང་ནས་དེབ་སྐྱེལ་མེད་པའི་སྨན་ཁང་རྣམས་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་འདུག་ན་འདི་ག་ལྷན་ཚོགས་ནས་འབྲེལ་ཡོད་མངའ་སྡའི་ལས་ཁུངས་སུ་ཆེད་བཅར་གྱིས་བོད་ཀྱི་གསོ་བ་རིག་པའི་བརྟག་དཔྱད་སྨན་ཁང་དེབ་སྐྱེལ་བྱེད་ཕྱོགས་དང་འབྲེལ་བཀའ་འདྲི་ཞུས། དེ་ནས་ལམ་སྟོན་གནང་གསལ་མངའ་སྡེའི་ནང་གལ་ཏེ་སྒེར་མི་སུས་ཀྱང་བརྟག་དཔྱད་སྨན་ཁང་སྒོ་ཕྱེ་བའམ་ཕྱེ་རྒྱུ་ཡིན་ན་ངེས་པར་དུ་དེབ་སྐྱེལ་གནང་དགོས་སྐོར་གསུངས་སོང། དེབ་སྐྱེལ་བྱེད་ཕྱོགས་ཀྱི་ལམ་སྟོན་གཤམ་གསལ། དེབ་སྐྱེལ་ཞུ་ཕྱོགས་དང་འབྲེལ་དྲ་རྒྱ། http://clinicalestablishments.nic.in/ དེབ་སྐྱེལ་སྒྲིག་གཞི། http://clinicalestablishments.nic.in/WriteReadData/969.pdf དེབ་སྐྱེལ་ཆ་རྐྱེན། སློབ་ཐོན་ལག་འཁྱེར་གྱི་ངོ་བཤུས། དེབ་སྐྱེལ་གཙོ་འགན་བའི་ངོ་སྤྲོད་ལག་འཁྱེར། དེབ་སྐྱེལ་དོད། ཧིན་སྒོར་༥༠༠།༠༠ སྨན་ཁང་ཆགས་སའི་ས་ཆའི་ས་ཁྲ་དང་ཁ་བྱང་། དྲ་ཐོག་ནས་བཀང་པའི་དེབ་སྐྱེལ་ཞུ་སྙན་གྱི་ངོ་བཤུས། བཅས་གོང་གསལ་ཡིག་ཆ་རྣམས་མངའ་སྡེའི་གཞུང་གི་སྨན་པ་གཙོ་བོའི་ལས་ཁུངས་(CMO Office) སུ་ཕུལ་དགོས་འདུག དེ་ནས་ཉིན་གྲངས་བཅུ་ཙམ་རྗེས་མངའ་སྡེའི་སྨན་པ་གཙོ་བོའི་བཀའ་འཁྲོལ་ཐོབ་མཚམས་སྨན་ཁང་དེ་སྒོ་ཕྱེ་ཆོག་པའི་བཀའ་འཁྲོལ་ཐོབ་པ་རེད་འདུག དེ་ལྟར་ཧི་མཱ་ཅལ་མངའ་སྡེའི་ལས་ཁུངས་ནས་ལམ་སྟོན་གནང་བ་དེ་ཡིན་ལ་གཞན་ཡང་རྒྱ་གར་མངའ་སྡེ་གང་སར་བོད་ཀྱི་གསོ་བ་རིག་པའི་བརྟག་དཔྱད་སྨན་ཁང་ཡོད་ཚེ་ངེས་པར་དུ་འབྲེལ་ཡོད་ལས་ཁུངས་སུ་འབྲེལ་བ་གནང་དགོས། བཅས་ལྷན་ཚོགས་ནས་ལམ་སྟོན་ཚུལ་དུ་ཞུས་པ་ལགས་ན་འབྲེལ་ཡོད་སྨན་པ་དང་སྨན་ཁང་གཉེར་མཁན་ཚང་མས་ཐུགས་སྣང་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༦ ལ།།

ལྷན་ཚོགས་ཚོགས་ཐེངས་༢༦ བསྐོང་ཚོགས་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༢༦ པ་དེ་བཞིན་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༡༠ ནས་ཚེས་༡༤ བར་བསྐོང་ཚོགས་གནང་ཡོད། ཚོགས་ཐེངས་འདིར་ལྷན་ཚོགས་ཚོགས་མི་ཚང་འཛོམས་ཐོག་གྲོས་གཞི་དོན་ཚན་བཅུའི་ཐོག་བཀའ་བསྡུར་གྲོས་ཆོད་བྱུང་ཡོད། ཚོགས་ཐེངས་ཀྱི་ཉིན་དང་པོ་ལྷན་ཚོགས་ཚོགས་མི་རྣམ་པ་དཔལ་ལྡན་སྲིད་སྐྱོང་མཆོག་ཟུར་དུ་མཇལ་བཅར་ཞུས་ཅིང་དཔལ་ལྡན་བཀའ་ཤག་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལས་དོན་ཐོག་བཀའ་བསྡུར་ལམ་སྟོན་གནང་ཡོད་པ་དང་ཕྱི་ཚེས་༡༣ ཉིན་རྒྱབ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་མཇལ་བཅར་ཞུས་ཅིང་ལྷན་ཚོགས་ཀྱི་ལས་དོན་ལས་འཆར་དང་དཀའ་ངལ་ཁག་ཅིག་སྙན་གསན་ཞུས། ཚོགས་འདུའི་མཇུག་སྡོམ་ཚོགས་ཐེངས་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སློབ་སྟོན་པ་ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་གདན་ཞུས་ཀྱིས་ཚོགས་འདུའི་གྲོས་ཆོད་ཁག་སྙན་གསན་ཞུས་པ་དང་སློབ་སྟོན་པ་མཆོག་ནས་ལྷན་ཚོགས་ཀྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས། ཚོགས་འདུ་འཚོག་ཕྱོགས། དེ་བཞིན་བོད་ཀྱི་གསོ་བ་རིག་པ་གཙོས་བོད་ཀྱི་རིག་གནས་ཆེ་བ་དང་ཆུང་བ་རྣམས་མི་ཉམས་དར་སྤེལ་བྱེད་དགོས་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་། དེ་རྗེས་གསར་འགྱུར་བརྒྱུད་ལམ་ནས་ལྷན་ཚོགས་ཀྱི་གལ་ཆེའི་གྲོས་ཆོད་དང་འོང་རྒྱུའི་ཚོགས་ཆེན་དང་ལས་རིམ་ཁག་རྒྱངས་སྲིངས་ཞུས་གནང། ཚོགས་ཐེངས་༢༦ པའི་ཐོག་གལ་ཆེའི་གྲོས་ཆོད་བྱུང་བ་གཤམ་གསལ། ༡། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་ཐོག་གསོ་རིག་སློབ་གཉེར་ཁང་ཐུན་མོང་ནས་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དེ་བཞིན་ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༡༢།༡༣།༡༤ བར་འཚོག་གཏན་འཁེལ། ༢། མ་འོངས་པར་བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ཐོག་ཉམས་ཞིབ་བྱ་རྒྱུའི་ཐད་ཆེད་ལས་མི་སྣ་གསོ་སྐྱོང་དགོས་པས་ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་ནས་ངོས་ལེན་ཡོད་པའི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སློབ་གཉེར་ཁང་ནང་བོད་རིགས་སློབ་མ་གཉིས་ལ་ཞབས་སྟེགས་ཟུར་འཇོག་ཐོབ་པར་བྱ་རྒྱུའི་ལས་འཆར་གཏན་འཁེལ་བྱུང། ༣། རྒྱ་གར་དབུས་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ནས་རོགས་དངུལ་ཞུས་ཐོབ་བཞིན་ལྷན་ཚོགས་ནས་ཕྱི་ལོ་༢༠༡༧ ཟླ་༣ ཚེས་༡༣ ནས་ཚེས་༡༨ བར་ཉིན་དྲུག་རིང་གསོ་རིག་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ཞིག་རྡ་རམ་སཱ་ལཱར་འཚོག་གཏན་འཁེལ་ཡོད། ༤། ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༦།༡༧ ལོར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དང་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང། དེ་བཞིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང་དང་བོད་དང་ཧི་མཱ་ལ་ཡའི་སྔོ་སྦྱོར་བཅས་ལ་རྟོགས་ཞིབ་གནང་གཏན་འཁེལ། ༥། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་གཅིག་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཚོགས་མིར་གཞུང་འབྲེལ་ཐད་བསྐོས་ཡོང་རྒྱུའི་ཆེད་འབྲེལ་ཡོད་ཁག་ཅིག་ནས་རྒྱབ་གཉེར་ཞུས་ཐོག་ལྷན་ཚོགས་ནས་གང་མགྱོགས་རྒྱ་གར་དབུས་སའི་ལས་ཁུངས་ཀྱི་གནད་ཡོད་མི་སྣར་ངོ་བཅར་ཞུ་ཡིག་འབུལ་རྒྱུར་ཐག་གཅོད་བྱུང། ༦། རྒྱ་གར་ཧི་མཱ་ཅལ་མངའ་ཁོངས་རྡ་རམ་སཱ་ལའི་ཨཱ་ཡུ་ཤའི་རྫོང་གི་སྨན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྒེ་བསྟེན་སྨན་ཁང་ཞིག་འདི་ལོའི་ཕྱི་ཟླ་༡༡ ནང་སྒོ་འཛུག་གནང་རྒྱུའི་གཏན་འཁེལ་ཡོད། ༧། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཚད་གནས་རིམ་(རབ་འབྱམས་པ། འབུམ་རམས་པ། འཚོ་བྱེད་སློབ་དཔོན་) གཏན་འབེབ་ཆེད་ཕྱི་ལོ་༢༠༡༧ ཟླ་༣ ནང་ཆེད་ལས་མི་སྣ་གདན་ཞུས་ཀྱིས་ཚོགས་འདུ་བསྐོང་འཚོག་གནང་རྒྱུའི་ཐག་གཅོད་བྱུང་ཡོད།།              

ལྷན་ཚོགས་སྐབས་ལྔ་པའི་ཚོགས་མི་གསར་འདེམས།

ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༥ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་མཆོག་དང། དཔལ་ལྡན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་༸རྒྱལ་བའི་སྐུ་བཅར་སྨན་པ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་མཆོག་དང་འཕྲོད་བསྟེན་དྲུང་འཕར། བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ། ལྷན་ཚོགས་ཀྱི་འོས་བསྡུའི་ཚོགས་ཆུང་གི་ཚོགས་མི།ཚོགས་བཅར་སྨན་པ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་མཛད་སྒོར་མཉམ་བཞུགས་གནང་ཡོད། མཛད་སྒོའི་ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་ནས་མཛད་སྒོའི་ངོ་སྤྲོད་དང་ལྷན་ཚོགས་ཀྱི་འདས་པའི་ལོ་གསུམ་སྟེ་ཕྱི་ལོ་༢༠༡༣།༡༤།༡༥ བཅས་ཀྱི་ལས་བསྡོམས་སྙིང་བསྡུས་བཅས་སྙན་སྒྲོན་ཞུས། (ལས་བསྡོམས་སྙིང་བསྡུས་ཆེད་འདིར་བསྣུན།)       དེ་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ནས་གཡུ་ཐོག་གཟེངས་རྟགས་ཀྱི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས་ལྷན་ཚོགས་ནས་ལྷ་ས་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་དུས་དྲན་དང་ལྷག་པར་བོད་ཕྱི་ནང་གི་སྨན་པ་ཕན་ཚུན་འབྲེལ་བ་དམ་ཚིག་ཡོང་སླད་ད་ལན་གཡུ་ཐོག་གཟེངས་རྟགས་ཐེངས་གསུམ་པ་འདི་བཞིན་ཞིང་གཤེགས་མཁས་དབང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་ལ་འབུལ་རྒྱུའི་གྲོས་ཆོད་བྱུང་དོན་བཞིན་མཛད་སྒོའི་ཐོག་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་སྒྲོག་སྦྱང་ཞུས་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་གཡུ་ཐོག་གཟེངས་རྟགས་འབུལ་གནང་ཡོད། (གཟེངས་རྟགས་འབུལ་ཡུལ་བོད་ནང་གི་མཁས་དབང་ཡིན་པས་འདི་ག་ལྷན་ཚོགས་ནས་འབྲེལ་བརྩད་ཞུས་མཐར་ཁོང་ཉིད་ཀྱི་འཁྲུངས་ཡུལ་ཆབ་མདོ་ཡིན་པར་སོང་རྡ་ས་ས་གནས་ཆབ་མདོ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བསོད་ནམས་དབང་འདུས་ལགས་སྐུ་ཚབ་ཚུལ་གཟེངས་རྟགས་བཞེས་གནང་ཡོད།)       དེ་རྗེས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་མཆོག་ནས་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་གསོ་རིག་སྨན་སྦྱོར་ཁང་གི་གཏན་འཇགས་དེབ་སྐྱེལ་ལག་འཁྱེར་བརྩལ་གནང་བ་དང་།         དེ་རྗེགསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རི་གླིང་དེབ་སྐྱེལ་ལག་འཁྱེར་བཅས་བརྩལ་གནང་མཛད། དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་ནད་བཅོས་སྔོན་འགོག་ཐོག་གཏམ་བཤད་གནང་མཁན་རྣམས་ལ་ལེགས་གསོལ་དང་དེ་ནས་༸རྒྱལ་བའི་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ནས་ལྷན་ཚོགས་ཀྱི་ས་གནས་འབྲེལ་མཐུད་རྣམས་ལ་ཕྱག་འཁྱེར་བརྩལ་གནང་མཛད། དེ་རྗེས་ལྷན་ཚོགས་སྐབས་ལྔ་པའི་འོས་བསྡུའི་ཚོགས་ཆུང་ནས་འོས་བསྡུའི་ལས་རིམ་དང་འོས་འདེམས་བྱུང་བའི་ཚོགས་མི་མཚན་ཐོ་བཅས་གསལ་བསྒྲགས་གནང། གསལ་བསྒྲགས་ནང་དོན་སྐབས་ལྔ་པའི་ཚོགས་མིར་བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་སྨན་པ་རྣམས་ཀྱི་སྐུ་ཚབ་ཚོགས་མིར་༸རྒྱལ་བའི་སྐུ་བཅར་སྨན་རམས་པ་སྤེན་པ་ཚེ་རིང་ལགས་དང་སྨན་པ་ཨོ་ཤོས་བསོད་ནམས་སྒྲོལ་དཀར་ལགས། གསོ་རིག་འབུམ་བཞི་སྐུ་ཚབ་ཚོགས་མི་སྨན་པ་པ་སངས་སྟོབས་ཆེན་ལགས། བོད་མི་མ་ཡིན་པའི་སྐུ་ཚབ་ཚོགས་མི་སྨན་པ་ཚེ་རིང་དཔལ་མོ་དང་སྨན་པ་རིག་འཛིན་དབང་གྲགས། སྒྲིག་ཁོངས་གང་དུ་མེད་པའི་སྨན་པའི་སྐུ་ཚབ་ཚོགས་མིར་སྨན་པ་ཚེ་རིང་མཚམས་གཅོད་བཅས་འོས་བསྡུའི་ལམ་ནས་ཚོགས་མི་དྲུག་དང་དེ་བཞིན་ཐད་བསྐོས་ཚོགས་མི་༸རྒྱལ་བའི་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས། བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི། ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོ་སློབ་ཁང་གི་སློབ་སྤྱི། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་སྡེ་ཚན་འགན་འཛིན། འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་མི་གཅིག་བཅས་སྐབས་ལྔ་པའི་ཚོགས་མི་གསར་པ་རྣམས་ལ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་འཚམས་འདྲིའི་མཇལ་དར་དང་འཕོས་བཞིན་སྐབས་བཞི་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལག་འཁྱེར་བརྩལ་གནང་མཛད། དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བསྟུན་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཨ་ཀྲུག་ཚེ་བརྟན་མཆོག་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རིམ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ལ་སྔ་ཕྱིར་མཐུན་འགྱུར་གནང་ཡོད་པ་དང་མ་འོངས་པར་ཡང་ཚོགས་གཙོ་སྦྲེལ་པོ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཐུན་འགྱུར་གང་དགོས་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་གལ་ཆེན་པོར་རྩི་བཞིན་ཡོད་པ་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལས་བསྡོམས་སྙན་དེབ་དང་ད་ལན་གྱི་ལས་བསྡོམས་ནང་གསལ་ལྷན་ཚོགས་ནས་ཟབ་སྦྱོང་དང་། ཚོགས་འདུ། ཁྲིམས་སྒྲིག་ཁག་གཏན་འབེབས་གནང་རྒྱུ་སོགས་ཕྱག་ལས་རབ་དང་རིམ་པ་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་ཕྱི་ལོ་ ༢༠༠༧ ཙམ་ནས་བོད་ཀྱི་གསོ་བ་རིག་པ་འདི་བཞིན་རྒྱ་གར་ནང་ཁྲིམས་མཐུན་ངོས་ལེན་ཐོབ་རྒྱུར་འབད་བརྩོན་བརྩམས་པ་ནས་མཐར་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ནང་གསོ་བ་རིག་པ་འདི་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་ཐུབ་པ་བྱུང་བ་འདི་ཕལ་ཆེར་བཙན་བྱོལ་གྱི་གནས་བབ་དང་གནས་སྟངས་ཐོག་དགོངས་པ་བཞེས་པ་ཡིན་ན།  གསོ་བ་རིག་པ་ལ་ཕན་རླབས་ཆེན་པོ་ཞིག་དང་། མི་ཉམས་རྒྱུན་འཛིན་ཡོང་རྒྱུའི་གཞི་རྩ་ཞིག་ཆགས་ཡོད་པའི་མྱོང་ཚོར་ཡོང་བཞིན་འདུག འོན་ཀྱང་རྒྱ་གར་ནི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། དེའི་ནང་གནད་དོན་ཆེ་ཕྲ་ཆུང་གསུམ་འདྲ་མིན་མང་པོ་ཡོད་སྟབས་ང་ཚོས་རེ་བ་བྱེད་པ་ནང་བཞིན་ཕལ་ཆེར་ཡོང་ཐུབ་ཀྱི་མེད་པའི་གནས་སྟངས་ཤིག་ཡོང་ཡང་སྲིད་པ་རེད་དྲན་གྱི་འདུག གང་ལྟར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས། དེ་བཞིན་གསོ་རིག་རིག་གཞུང་སྡེ་ཁག་བཅས་ཚང་མས་མཉམ་རུབ་ཀྱིས་ནུས་འདོན་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཟབ་ནན་གནང། དེ་རྗེས་ལྷན་ཚོགས་ཀྱི་ཚོགས་གཞོན་སྨན་པ་ཐོགས་མེད་ལགས་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དྲིན་དྲན་བཞིན་ལྷན་ཚོགས་འདིར་སྔ་ཕྱིར་དཔལ་ལྡན་བཀའ་སྤྱི་གཉིས་དབུས་ལྷན་ཚོགས་ཀྱི་ཚོགས་མི་ལས་ཟུར་རིག་གཞུང་སྡེ་ཁག་དེབ་སྐྱེལ་སྨན་པ་བཅས་ཚང་མས་རྒྱབ་སྐྱོར་མཐུན་འགྱུར་གནང་ཡོད་ན་ཚང་མར་ཐུགས་རྗེ་ཆེ་ཞུས་རྗེས་ཚོགས་བཅར་བ་རྣམས་ནས་སྨན་རྩིས་བསྟན་རྒྱས་སྨོན་ལམ་འུར་འདོན་དང་བཅས་སྔ་དྲོའི་མཛད་སྒོ་ལེགས་པར་གྲུབ། … Continued