Central Council of Tibetan Medicine

གལ་ཆེའི་བྱུང་བ།

བཅར་འདྲི་གླེང་མོལ།

རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་སྟབས་སྟུན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་གི་སྨན་སློབ་དང་ཚོགས་ཆེན་ཐོག་གསུང་བཤད་གནང་མཁན་མཁས་དབང་ཁག་ཅིག་དབར་ཆེད་ལས་ལོ་རྒྱུས་དང་ཉམས་མྱོང་། མ་འོངས་གདོང་ལེན་བྱེད་ཕྱོགས་ཐོག་བཅར་འདྲི་གླེང་མོལ་གི་ལས་རིམ་ཞིག་ཟུར་དུ་གོ་སྒྲིག་ཞུས་པའི་གླེང་མོལ་རྣམས་ཕྱོགས་སྒྲིག་ཞུས་པ་གཤམ་གསལ། ༡། དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་གི་སྨན་སློབ་རྣམས་ནས་ཚེ་ཡི་རིག་བྱེད་ཀྱི་མཁས་དབང་སློབ་དཔོན་སན་ཇི་བ་ར་ས་ཏོ་གི་ལ་བཅར་འདྲི་ཞུས་པ། ༢། ལྕགས་པོ་རི་བོད་སྨན་སློབ་གཉེར་ཁང་གི་སྨན་སློབ་རྣམས་ནས་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་སུ་བཅར་འདྲི་ཞུས་པ། ༣། བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་ནས་སྐུ་ཞབས་ཧ་བཊ་ཤཻ་བལ་དང་གླེང་མོལ་ཞུས་པ། ༤། བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་སློབ་རྣམས་ནས་ཉམས་ཞིབ་པ་བསྟན་འཛིན་ཆོས་སྒྲོན་ལགས་ དང་གླེང་མོལ་ཞུས་པ། ༥། སྨན་རི་གླིང་འབུམ་བཞིའི་མཐོ་སློབ་ཀྱི་སྨན་སློབ་ནས་ཊོག་ཌར་ཨེ་ཌ་ཝ་ཌ་ལགས་དང་གླེང་མོལ་ཞུས་པ། བཅས་སྨན་སློབ་དང་བཅར་འདྲི་གླེང་མོལ་ལ་མཉམ་བཞུགས་གནང་མཁན་མཁས་དབང་རྣམ་པ་པ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ།།

གསོ་རིག་འབུམ་བཞིའི་མཐོ་སློབ་ཏུ་རྟོགས་ཞིབ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༢ ཉིན་ལྷན་ཚོགས་ནས་ཆེད་བསྐོས་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུ་རྟོགས་ཞིབ་ཆེད་བསྐྱོད་གནང། རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མིའི་ཁོངས་ལྷན་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་དང་བོན་གཞིས་ས་གནས་འགོ་འཛིན་སྐུ་ངོ་བློ་ལྡན་ཉི་མ་ལགས། ལྷན་ཚོགས་འོག་དེབ་སྐྱེལ་ཚོགས་མི་སྨན་རམས་པ་སྐྱིད་ལུས་ལགས་བཅས་ཡིན། ཚོགས་ཆུང་གི་ཚོགས་མི་རྣམས་ཟླ་༡༡ ཚེས་༡ སྔ་དྲོ་རྡ་ས་ནས་ཐོན་ནས་དེ་ཉིན་གྱི་དགོངས་མོ་ཕྱག་ཚོད་༧།༤༠ ཐོག་གསོ་རིག་འབུམ་བཞིའི་མཐོ་སློབ་དུ་འབྱོར་ཞིང་དེར་མཐོ་སློབ་སློབ་མ་དང་དགེ་ལས་རྣམས་ནས་སྣེ་ལེན་ཞུས་གནང། ཕྱི་ཚེས་༢ སྔ་དྲོ་ཕྱག་ཚོད་༨།༤༥ ཐོག་ མཐོ་སློབ་ཀྱི་འགན་འཛིན་མཆོག་ནས་རྟོགས་ཞིབ་ཚོགས་མི་རྣམ་པ་༸སྐྱབས་རྗེ་སྨན་རི་ཁྲི་འཛིིན་མཆོག་གི་དམིགས་བསལ་མཇལ་ཁ་གོ་སྒྲིག་གནང་བརརིན་པོ་ཆེ་མཆོག་ལ་ད་ལན་རྟོགས་ཞིབ་ཀྱི་ལས་དོན་དང་རྒྱ་གར་དབུས་གཞུང་ནས་གསོ་བ་རིག་པའི་བསླབ་གཞི་རྩ་འཛིན་གཏན་འབེབས་དང་མཐོ་སློབ་དེབ་སྐྱེལ། དེ་བཞིན་གསོ་རིག་མཐོ་སློབ་ བཞི་ནས་སློབ་ཐོན་སྨན་པ་རྣམས་དེབ་སྐྱེལ་སྒོ་འཛུགས་བཅས་ཀྱི་སྐོར་སྙན་གསེང་དང་ལྷན་ཚོགས་ནས་དཔར་བསྐྲུན་དུས་དེབ་ཁག་བཅས་ཕུལ་བཞེས་གནང། ༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་ནས་ཀྱང་༸སྐྱབས་རྗེ་གོང་མ་སྨན་རི་ཁྲི་འཛིན་སོ་གསུམ་པ་མཆོག་ནས་གསོ་རིག་འབུམ་བཞིའི་སློབ་གཉེར་མི་ཉམས་རྒྱུན་སྤེལ་གྱི་ཐུགས་དགོངས་ཆེ་ བཞེས་ཡོད་པ་བཞིན་ཕྱི་ལོ་༢༠༡༤ ལོར་མཐོ་སློབ་འདི་དངོས་སུ་སྒོ་འཛུགས་ཀྱིས་ད་ལྟ་རྒྱུན་མཐུད་འགྲོ་བཞིན་ཡོད་པ་གསུངས། དེ་རྗེས་ཕྱག་ཚོད་༩།༡༥ཐོག་རྟོགས་ཞིབ་ཚོགས་མི་རྣམ་པ་མཐོ་སློབ་ཀྱི་འཛིན་སྐྱོང་ཡིག་ཚང་དུ་ཚང་འཛོམས་ཐོག་རྟོགས་ཞིབ་གཙོ་སྐྱོང་ནས་ད་ལན་རྟོགས་ཞིབ་ཀྱི་དམིགས་ཡུལ་དང་འབྲེལ་རྟོགས་ཞིབ་ལས་རིམ་ངོ་སྤྲོད་ཞུས། ཆབས་ཅིག་མཐོ་སློབ་ཀྱི་འགན་འཛིན་དང་སྨན་རི་དགོན་པའི་འཛིན་སྐྱོང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་དང་ཚོགས་མི་ལྷན་འཛོམས་ཡོད་སྟབས་བསྟུན་ལྷན་ཚོགས་ནས་ཉེ་འཆར་རྒྱ་གར་དབུས་གཞུང་ནས་གསོ་བ་རིག་པའི་བསླབ་གཞི་རྩ་་འཛིན་དང་གསོ་རིག་སློབ་གཉེར་ཁང་གི་ཉུང་མཐའི་དགོས་མཁོའི་ཆ་རྐྱེན་སྒྲིག་གཞི། གསོ་རིག་སློབ་གཉེར་ཁང་བཞི་ནས་སློབ་ཐོན་སྨན་པ་རྣམས་དེབ་སྐྱེལ་སྒོ་འཛུགས། མ་འོངས་པ་གསོ་རིག་འབུམ་བཞིའི་མཐོ་སློབ་འདིའང་རྒྱ་གར་དབུས་གཞུང་གི་སྒྲིག་གཞི་གཏན་འབེབས་དེའི་འོག་འགྲོ་དགོས་པས་མཐོ་སློབ་འཛིན་སྐྱོང་ནས་ད་ལྟ་ནས་སྒྲིག་གཞི་དེར་གཟིགས་རྟོགས་ཀྱིས་གྲ་སྒྲིག་གནང་གལ་ཆེ་བ། དེ་ལྟར་གསོ་རིག་སློབ་གཉེར་ཁང་དེབ་སྐྱེལ་ཆེད་མཐོ་སློབ་དེ་མངའ་སྡེའི་ནང་གི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་ཚད་འཛིན་ (Affiliation) གནང་དགོས་པ། དེ་བཞིན་མཐོ་སློབ་ཀྱི་ཆ་རྐྱེན་དུ་ནད་གསོ་ཁང་དགོས་པ། ནད་པ་བརྟག་དཔྱད་ཀྱི་སྒོ་བསྟེན་སྨན་ཁང་འཛུག་འཆར་ཡོད་ན་སྒོ་བསྟེན་སྨན་ཁང་མངའ་སྡེའམ་རྫོང་གི་འཕྲོད་བསྟེན་ལས་ཁུངས་ནས་དེབ་སྐྱེལ་ལག་འཁྱེར་ཞུ་དགོས་པ་སོགས་ཡུལ་ཁྲིམས་དང་མཐུན་པའི་གནང་སྒོ་ཁག་འགྲེལ་བརྗོད་ལམ་སྟོན་ཞུས། དེ་རྗེས་རྟོགས་ཞིབ་དངོས་གཞིའི་བརྒྱུད་རིམ་ནང་མཐོ་སློབ་ཀྱི་འཛིན་ཁང་དང་དཔེ་མཛོད། བརྟག་དཔྱད་སྨན་ཁང་དང་དཔྱད་བཅོས་ཁང། སློབ་མའི་ཉལ་ཁང་དང་རང་སྦྱོང་ཁང། ཚོགས་ཁང་དང་གསོལ་ཚིགས་ཁང། སྨན་རྒྱུ་དང་སྨན་སྦྱོར་ཁང་བཅས་ལ་རྟོགས་ཞིབ་གནང་། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རི་གླིང་འདི་བཞིན་ཐོག་མར་ཕྱི་ལོ་༢༠༡༤ ཟླ་༥ ཚེས་༡༣ ཉིན་དངོས་སུ་སྒོ་འཛུགས་ཀྱིས་ད་ལྟའི་འཆར་སྨན་དགེ་གཉིས་འོག་སྨན་སློབ་སྐབས་དང་པོ་སྟེ་ལོ་རིམ་ལྔ་པའི་ནང་སློབ་མ་བུ་གྲངས་གསུམ་དང་བུ་མོ་གྲངས་ཅིག་བཅས་ཁྱོན་གྲངས་༤ སྨན་སློབ་སྐབས་གཉིས་པ་སྟེ་ལོ་རིམ་བཞི་པའི་ནང་སྨན་སློབ་བུ་གྲངས་གཉིས་དང་བུ་མོ་གྲངས་གསུམ་བཅས་བསྡོམས་གྲངས་༥སྐབས་གསུམ་པ་སྟེ་ལོ་རིམ་གཉིས་པའི་ནང་བུ་གྲངས་བཞི་དང་བུ་མོ་གྲངས་ཅིག་བཅས་བསྡོམས་༥ སྨན་སློབ་སྐབས་བཞི་པ་སྟེ་ལོ་རིམ་དང་པོའི་ནང་སྨན་སློབ་བུ་གྲངས་གཉིས་དང་བུ་མོ་གྲངས་ཅིག་བཅས་༣ ཁྱོན་བསྡོམས་སྨན་སློབ་གྲངས་༡༧…

དཔལ་སྤུངས་རིག་གནས་མཐོ་སློབ་ཁང་དུ་རྟོགས་ཞིབ།

ཕྱི་ལོ་༢༠༡༨ ཟླ་༧ ཚེས་༤ ཉིན་དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་ནས་དེ་གའི་ གསོ་རིག་སློབ་གཉེར་ཁང་དེ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོང་བའི་ཞུ་སྙན་གནང་འབྱོར་བྱུང་བར་ལྷན་ཚོགས་ཚོགས་ཐེངས་༣༠ པའི་ཐོག་རྟོགས་ཞིབ་ཚོགས་མི་དང་རྟོགས་ཞིབ་དུས་ཚེས་གཏན་འབེབས་ཀྱིས་ ད་ཉིན་ཕྱི་ལོ་༢༠༡༨ ཟླ་༡༠ ཚེས་༡༩ ཉིན་དངོས་སུ་རྟོགས་ཞིབ་ཆེད་ཕེབས་གནང་ཡོད། རྟོགས་ཞིབ་ལས་རིམ་ནང་གསལ་ཐོག་མར་རྟོགས་ཞིབ་ཚོགས་ཆུང་གི་གཙོ་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ནས་རྟོགས་ཞིབ་ཚོགས་མི་རྣམས་ངོ་སྤྲོད་དང་རྟོགས་ཞིབ་ཀྱི་རྒྱབ་ལྗོངས་དང་ལས་དོན་ངོ་སྤྲོད་ ཞུས། དེ་རྗེས་དཔལ་སྤུངས་རིག་གནས་མཐོ་སློབ་ཀྱི་སློབ་སྤྱི་སྨན་རྩིས་རབ་འབྱམས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས་ནས་དཔལ་སྤུངས་རིག་གནས་མཐོ་སློབ་ཁང་གི་དམིགས་ཡུལ་དང་འབྲེལ་ཡོད་དགེ་ལས་རྣམས་ངོ་སྤྲོད་གནང་། ཚོགས་ཆུང་གི་ཚོགས་མི་རྣམས་ནས་དེབ་སྐྱེལ་སྒྲིག་གཞི་དང་དེ་བཞིན་ཞུ་སྙན་ནང་གསལ་ཡིག་ཆ་ངོ་མར་གཟིགས་ཞིབ་དང་དོགས་འདྲི་ཡོད་པར་དྲི་བ་ལན་འདེབས་གནང་། དེ་རྗེས་སློབ་ཁང་དུ་དངོས་སུ་རྟོགས་ཞིབ་གནང་བའི་ནང་མཐོ་སློབ་ཡིག་ཚང། རིག་དངོས་འགྲེམས་སྟོན་ཁང། གཡུ་ཐོག་མཆོད་ཁང་དང་དཔེ་མཛོད། སློབ་མའི་འཛིན་ཁང་དང་ཉལ་ཁང། དེ་བཞིན་བརྟག་དཔྱད་སྨན་ཁང་དང་འཇམ་དཔྱད་ཁང། སྨན་སྦྱོར་ཁང་དང་གཡོས་སྦྱོར་ཁང། ཡིད་འཕྲོག་སྨན་གྱི་ལྡུམ་ར་བཅས་ལ་དངོས་སུ་གཟིགས་རྟོགས་གནང་མཐར་ཚོགས་ཆུང་ཚོགས་མི་ཚང་འཛོམས་ཀྱིས་སློབ་ཁང་གི་འཛིན་སྐྱོང་དང་དེ་བཞིན་ཤེས་ཡོན་དང་འབྲེལ་བའི་ཐོག་དོགས་འདྲི་དང་སློབ་ཁང་གི་སློབ་མ་གཉིས་ཟུར་དུ་ཐུགས་ཕྲད་ཀྱིས་སློབ་ཁང་གི་སློབ་འཁྲིད་སློབ་ཚན་དང་སློབ་འཁྲིད་གནང་སྟངས་སོགས་ཤེས་ཡོན་སྤྱི་དང་། ཡང་སྒོས་འཛིན་སྐྱོང་ནས་ཟུར་བལྟའི་དཔེ་དེབ་དང་ཉལ་ཁང་ལ་སོགས་ཀྱི་ཆ་རྐྱེན་གནང་སྟངས་གང་ཅིར་དྲི་བ་ཞུས་རྗེས་མཐར་ཚོགས་ཆུང་གི་སྙན་ཐོ་དང་ཚོགས་མི་སོ་སོའི་དགོངས་འཆར་སྙན་ཤོག་བཅས་བཀང་། ད་ལན་རྟོགས་ཞིབ་འདི་དང་འབྲེལ་ནས་སློབ་ཁང་ནས་༸བྱམས་མགོན་རྡོ་ཆེ་འཆང་མཆོག་སྐུའི་དམིགས་བསལ་མཇལ་ཁ་གོ་སྒྲིག་གནང་བཞིན་༸བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ནས་དེ་སྔ་བོད་ནང་དཔལ་སྤུངས་རིག་གནས་མཐོ་ སློབ་ཁང་གི་བྱུང་བ་ལོ་རྒྱུས་དང་བོད་དུ་དུས་འགྱུར་བྱུང་རྐྱེན་བཙན་བྱོལ་དུ་བྲོས་བྱོལ་གྱིས་རྒྱ་གར་ནང་དཔལ་སྤུངས་རིག་གནས་མཐོ་སློབ་འདི་གསར་འཛུགས་ཀྱི་དམིགས་ཡུལ་དང་ལས་དོན་གནང་སྒོ་ཁག འབྱུང་འགྱུར་གསོ་རྩིས་རིག་པ་གཙོས་བོད་ཀྱི་རིག་གནས་མི་ཉམས་གོང་སྤེལ་གནང་རྒྱུའི་ལས་འཆར་སོགས་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་བཀའ་སློབ་གནང་། ད་ལན་རྟོགས་ཞིབ་ཚོགས་ཆུང་ནས་རྟོགས་ཞིབ་གནང་བའི་རྟོགས་ཞིབ་ལས་བསྡོམས་སྙན་ཐོ་དང་རྒྱབ་གཉེར། ཟུར་སྦྱར་ཡིག་ཆ་ཁག་བཅས་ལྷན་ཚོགས་ཀྱི་རྗེས་མའི་ཚོགས་འདུའི་ཐོག་གྲོས་བསྡུར་ཐག་ གཅོད་གནང་རྒྱུ་ཡིན་པ་བཅས་རྟོགས་ཞིབ་ལས་བསྡོམས་སྙིང་བསྡུས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༡༠ ཚེས་༢༠ ལ།།                  …

གལ་ཆེའི་གསལ་བསྒྲགས།

༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་དང་དེབ་སྐྱེལ་ སྨན་པ་ཡོངས་ལ། ཆེད་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསལ་བསྒྲགས་ཞུ་སྙིང་། ཕྱི་ལོ་༢༠༡༨ ཟླ་༤ ཚེས་༥ ཉིན་རྒྱ་གར་ དབུས་གཞུང་གི་གཞུང་འབྲེལ་ (The Gazette of India) གསལ་བསྒྲགས་སྤེལ་བའི་ནང་གསོ་རིག་སློབ་གཉེར་ ཁང་བཞི་སྟེ།༡། བོད་ཀྱི་སྨན་རྩིས་མཐོ་སློབ་ཁང། ༢།ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་། ༣།ལ་དྭགས་ དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན། ༤།ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་བཅས་བཞི་ནས་སོ་སོའི་སློབ་ཁང་སྒོ་འཛུགས་ནས་ཕྱི་ལོ་༢༠༡༧ བར་གྱི་ སློབ་ཐོན་སྨན་པ་རྣམས་ཀྱི་ལག་འཁྱེར་རྣམས་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟུར་འཛར་གཉིས་པའི་ནང་བསྐྱར་བཅོས་གཏན་འབེབས་ཀྱིས་གོང་གསལ་ནང་ཚུད་སྨན་པ་རྣམས་ད་ཆ་དྲ་ཐོག་ནས་དེབ་སྐྱེལ་གནང་སྒོ་ཚུགས་ཟིན་ཡོད་པ་དེ་དོན་འབྲེལ་ཡོད་ནས་མཁྱེན་རྟོགས་ཡོང་བ་ཞུ། དེབ་སྐྱེལ་གནང་སྟངས་དང་དགོས་ངེས་ ཡིག་ཆ། དེབ་སྐྱེལ་དོད་སོགས་ཞིབ་ཕྲའི་གནས་ཚུལ་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་དྲ་རྒྱའི་ཁ་བྱང་འདིའི་ ཐོག་<https://www.ccimindia.org/institution/PractitionersInstructions.html> གཟིགས་གནང་ཡོང་བ་དང་ ཡང་དེབ་སྐྱེལ་དང་འབྲེལ་བའི་ཐོག་དོགས་འདྲི་ཡོད་ཚེ་འབྲེལ་ཡོད་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་<[email protected]  ccimindia.org> དང་ཁ་པར་ཨང་གྲངས་ ༩༦༥༤༤༠༡༧༢༦ ཡང་ན་༩༦༥༤༤༠༡༧༦༣ འདིའི་ཐོག་འབྲེལ་བ་ གནང་དགོས་འདུག་པ་དེ་དོན་དགོངས་འཇགས་ཞུ། གོང་གསལ་དེབ་སྐྱེལ་གནང་སྟངས་དང་དགོས་ངེས་ཡིག་ཆ། དེ་བཞིན་དེབ་སྐྱེལ་དོད་སོགས་གནད་དོན་མདོར་ བསྡུས་ཤིག་(བོད་ཡིག་)ཁ་ཡིག་འདི་མཉམ་ལམ་སྟོན་ཚུལ་ཟུར་སྦྱར་ཞུས་པ་དེ་དོན་གཟིགས་རྟོགས་ཡོང་བ་ཞུ་རྒྱུ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༨ ཟླ་༡༠…

གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་ཟབ་འཁྲིད་ཐེངས་དྲུག་པ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༡༨ ཟླ་༩ ཚེས་༣ ནས་ཚེས་༨ བར་ཉིན་གྲངས་དྲུག་རིང་གསོ་རིག་ སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་ཟབ་འཁྲིད་གོ་སྒྲིག་ཞུས་པར་ཟབ་འཁྲིད་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་དྲུང་ཆེ་ Dr. K. Natrajan གདན་ཞུས་ཀྱིས་ཟབ་འཁྲིད་དབུ་འབྱེད་ཀྱི་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་བའི་རྗེས་གཡུ་ཐོག་གསོལ་འདེབས་འདོན། དེ་རྗེས་ལྷན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན་མཆོག་ནས་ད་ལན་ཟབ་སྦྱོང་འདིར་ཆེད་དུ་བཅར་བའི་སྨན་པ་དང་དེ་བཞིན་གསུང་བཤད་གནང་མཁན་མཁས་དབང་རྣམ་པ། ཟབ་འཁྲིད་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཆེད་འབོད་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་གཉིས་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་གཅིགགཞན་ཡང་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་གི་འགན་འཛིན་སློབ་སྤྱི་རྣམ་པ་བཅས་ལ་ཕེབས་བསུ་དང་སྦྲགས་ཉིན་དྲུག་གི་ཟབ་འཁྲིད་ཀྱི་ནང་དོན་སྙིང་བསྡུས་ངོ་སྤྲོད་ཞུས་གནང། ད་ལན་ཟབ་འཁྲིད་འདིའི་ནང་བརྗོད་གཞི་གལ་ཆེ་བ་གཅིག་ཉེ་བའི་འཆར་རྒྱ་གར་དབུས་གཞུང་ནས་གསོ་བ་རིག་པའི་བསླབ་གཞི་རྩ་འཛིན་སྒྲིག་གཞི་དང་གསོ་རིག་སློབ་གཉེར་ཁང་གི་ཉུང་མཐའི་དགོས་མཁོའི་ཆ་རྐྱེན་སྒྲིག་གཞི། དེ་བཞིན་གསོ་རིག་སྨན་པ་རྣམས་དེབ་སྐྱེལ་བྱེད་ཕྱོགས་བཅས་གལ་ཆེའི་ཁྲིམས་སྒྲིག་གཏན་འབེབས་གསལ་བསྒྲགས་གནང་བ་རྣམས་གསོ་བ་རིག་པའི་སྨན་པ་དང་གསོ་རིག་རིག་གཞུང་བསྟི་གནས་ཁང་ནས་ངེས་པར་དུ་ཤེས་རྟོགས་དགོས་པར་སོང་ལྷན་ཚོགས་ནས་ཆེད་དུ་མངགས་ནས་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་དྲུང་ཆེ་དང་གསོ་བ་རིག་པའི་ཚོགས་མི་བཅས་གདན་ཞུས་ཀྱིས་གོང་གསལ་ཁྲིམས་སྒྲིག་ངོ་སྤྲོད་དང་དེབ་སྐྱེལ་བྱེད་ཕྱོགས།གཞན་ཡང་ཁྲིམས་མཐུན་དེབ་སྐྱེལ་གནང་ཕྱོགས་ཐོག་དྲི་བ་བགྲོ་གླེང་གི་ཚོགས་ཐེངས་གཉིས་གལ་ཆེ་དོན་ཆེན་གྱིས་དམིགས་བཀར་བཞག་གནང་ཡོད་ཅེས་གསུངས། ཚོགས་གཙོ་མཆོག་ནས་ད་ལན་ཟབ་འཁྲིད་འདིའི་ཆེད་རྒྱ་གར་དབུས་གཞུང་ནས་རོགས་དངུལ་གནང་བ་བཞིན་གོ་སྒྲིག་ཚོགས་པ་དང་ཚོགས་བཅར་སྨན་པ་རྣམས་ནས་དེ་དོན་དང་མཐུན་པ་བེད་སྤྱོད་གནང་དགོས་གལ་ཆེ་ཞིང་གོ་སྐབས་འདི་བསྟུན་ནས་ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་ལ་ཐུགས་རྗེ་ཆེ་ཞེས་ཞུས་གནང། དེ་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ནས་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༧་་༡༨ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལས་དོན་ངོ་སྤྲོད་དང་ཕྱི་ལོ་༢༠༡༧ ལོར་གསོ་བ་རིག་པའི་ཐོག་སྒྲིག་གཞི་གཏན་འབེབས་གནང་བ་དེ་ལས་གསོ་རིག་སློབ་གཉེར་ཁང་དང་དེ་ནས་སློབ་ཐོན་སྨན་པ་རྣམས་དེ་གའི་ཁྲིམས་སྒྲིག་འོག་དེབ་སྐྱེལ་གནང་དགོས་པ་གསུངས། གོང་གསལ་གསོ་བ་རིག་པའི་སྒྲིག་གཞི་གཏན་འབེབས་གནང་ཆེད་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་དེ་བཞིན་གསོ་རིག་སློབ་གཉེར་ཁང་བཞི། གཞན་ཡང་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་གསོ་བ་རིག་པའི་ཚོགས་མི་བཅས་ནས་སྒྲིག་གཞི་རགས་ཟིན་བཀོད་སྒྲིག་ཆེད་རོགས་པ་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང། ཞིབ་ཕྲའི་ཁྲིམས་སྒྲིག་ལག་བསྟར་ཐོག་རྗེས་མའི་ཚོགས་ཐེངས་གཉིས་ནང་ངོ་སྤྲོད་བགྲོ་གླེང་གནང་རྒྱུ་ཡིན་ཞིང་ད་ལན་གསོ་རིག་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་ཟབ་འཁྲིད་འདི་ལམ་ལྷོང་ཡོང་བའི་རེ་བ་ཡོད་ཅེས་གསུངས། དེ་རྗེས་ཚོགས་གཞོན་སྨན་པ་བསོད་ནམས་སྒྲོལ་མ་ལགས་ནས་ཟབ་འཁྲིད་འདིར་ཕེབས་སྐུ་མགྲོན་དང་ཚོགས་བཅར་སྨན་པ་དང་གསུང་བཤད་གནང་མཁན་མཁས་དབང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་གོ་སྒྲིག་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་བཞིན་ད་ལན་ཟབ་འཁྲིད་དངོས་གཞི་ཉིན་དྲུག་གི་རིང་ཁྱོན་མཁས་དབང་གྲངས་༡༢ ནས་གསོ་བ་རིག་ པའི་ལོ་རྒྱུས་ཐོག་ཚོགས་ཐེངས་གཉིས། གཞུང་ལུགས་ཐོག་ཚོགས་ཐེངས་ གསུམ། ཁྲིམས་སྒྲིག་ཐོག་ཚོགས་ཐེངས་གཉིས། ནད་བཅོས་ཐོག་ཚོགས་ཐེངས་ལྔ། ཉམས་ཞིབ་ཐོག་ཚོགས་ཐེངས་གསུམ། སྨན་ སྦྱོར་ཐོག་ཚོགས་ཐེངས་གསུམ། ནད་ཐོག་དང་དཔྱད་བཅོས་ལག་ལེན་ཐོག་ཚོགས་ཐེངས་དྲུག་བཅས་ཁྱོན་ཚོགས་ཐེངས་༢༤  ཚོགས་ཡོད། ཟབ་འཁྲིད་ཀྱི་མཇུག་སྡོམ་མཛད་སྒོའི་ཐོག་ཆེད་འབོད་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་གསོ་རིག་ལྷན་ཚོགས་ཀྱི་སློབ་སྟོན་པ་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་ཡེ་ཤེས་དབང་མོ་ལགས་གཉིས་གདན་ཞུས་ཀྱིས་ཟབ་འཁྲིད་མཁས་དབང་རྣམ་པར་གཟེངས་བསྟོད་ཕྱག་འཁྱེར་དང་དེ་བཞིན་ཚོགས་བཅར་བ་རྣམས་ལ་ཚོགས་བཅར་ལག་འཁྱེར་བཅས་ཕུལ་གནང་ཡོད། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་ནས་གསུང་བཤད་གནང་བའི་ནང་སྙིང། གསོ་རིག་ལྷན་ཚོགས་འདི་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགོངས་པ་ཆེར་བཞེས་ཀྱིས་ཆེད་འཛུགས་གནང་བ་བཞིན་འདས་པའི་ལོ་བཅུ་བཞི་ཙམ་རིང་ལྷན་ཚོགས་ནས་ཁྲིམས་སྒྲིག་དགོངས་དོན་སྨན་པ་དེབ་སྐྱེལ་སོགས་ལས་དོན་གང་ཐུབ་གནང་ཡོད། བར་ལམ་ལྷན་ཚོགས་འདི་སྲ་བརྟན་གནས་ཐུབ་མིན་ཐད་གྲོས་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱི་ཚོགས་ཆུང་གི་སྙན་ཐོ་གཞིར་བཞག་གྲོས་ཆོད་གནང་ནས་ལྷན་ཚོགས་འདི་ད་ལྟ་དོན་མཐུན་སྲ་བརྟན་རྒྱུན་འཁྱོངས་གནང་བཞིན་ཡོད། ལྷན་ཚོགས་འདི་སྲ་བརྟན་གནས་ཐུབ་མིན་ལྷན་ཚོགས་འདིའི་འོག་དེབ་སྐྱེལ་ཡོད་པའི་ཚོགས་མི་སྨན་པ་དང་གསོ་རིག་སློབ་གཉེར་ཁང་ལ་རགས་ལུས་པས་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་གསོ་བ་རིག་པའི་བསྟན་པར་ཞབས་འདེགས་ཞུ་དགོས་གལ་ཆེ། གསོ་བ་རིག་པའི་ཐོག་ནས་ནད་པར་ཞབས་འདེགས་བླ་ལྷག་ཞུས་དང་ཞུ་བཞིན་པ་ནི་རྒྱ་གར་གྱི་བློན་ཆེན་དང་དབུས་ལས་ཁུངས་ནས་ངོས་འཛིན་ཆེར་བཞེས་ཀྱིས་འདི་ལོ་རྒྱ་གར་དབུས་གཞུང་ནས་༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ལ་ཆེས་མཐོའི་པདྨ་ཤྲི་གཟེངས་རྟགས་ཕུལ་བཞེས་གནང་བ་དེ་ལས་ཤེས་ཐུབ།…

རྒྱལ་ཡོངས་གསོ་བ་རིག་པའི་ཉིན་མོ་སྲུང་རྩི།

རྒྱལ་ཡོངས་གསོ་བ་རིག་པའི་ཉིན་མོ་བསྲུང་བརྩི། འཇིག་རྟེན་གྱི་ཁམས་ཀྱི་བྱ་བ་དང་དངོས་པོ་ཐམས་ཅད་ཡུལ་དང་དུས་དང་གནས་སྐབས་ཀྱི་གཞན་དབང་ཤ་སྟག་ཡིན། ལོ་རྒྱུས་སུ་གསལ་བའི་བྱ་དངོས་རྣམས་ནི་ད་ལྟ་དངོས་སུ་མིག་སྔར་མི་མངོན་ཡང་གནས་སྐབས་དེར་མངོན་སུམ་ཡིན་ཅིང་། དེ་ནི་ད་ལྟ་དངོས་སུ་ཕན་བདེ་མྱོང་བཞིན་པའི་དུས་དང་བྱ་བ་མཐའ་དག་སྟེར་བ་པོ་རེད། བྱ་དངོས་དེར་སྐྱར་ལོག་གིས་སྤྱོད་ཐབས་མེད་ཀྱང་དེའི་དུས་དང། དུས་དེར་འགྲོ་བ་མི་རིགས་དེ་དང་དེའི་ནམ་ཡང་ཕན་བདེའི་རྩ་བར་གྱུར་བའི་བྱ་བ་དང། དངོས་པོ་བསྒྲུབ་པ་པོའི་སྐྱེས་བུ་ཁྱད་པར་ཅན་དེ་ཉིད་རྗེས་དྲན་བྱེད་པ་ནི་འཛམ་གླིང་འགྲོ་བ་མིའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་སྤྱོད་བཟང་ཞིག་ཡིན། དཔེར་ན་སྟོན་པ་ཤཱཀྱ་ཐུབ་པ་དང་ཡེ་ཤུའི་སྟོན་པ་སོགས་ཀྱི་འཁྲུངས་ཚེས་དང་དེ་དག་གི་མཛད་པ་ཁྱད་པར་ཅན་རྣམས་ད་ལྟའང་རྗེས་དྲན་བྱེད་པ་དང། འཛམ་གླིང་འཕྲོད་བསྟེན་དང་། དགེ་རྒན་དང་ཕ་མའི་དུས་སྟོན་དང་། དེ་བཞིན་རྒྱལ་ཁབ་སོ་སོའི་གཞན་དབང་གི་འཆིང་བ་ལས་གྲོལ་ནས་རང་དབང་བདེ་སྐྱིད་ཀྱི་དཔལ་གསར་དུ་ཐོབ་པའི་དུས་ཚེགས་དྲན་གསོ་དང། ཁྱད་པར་དུ་རང་རེ་གདོང་དམར་བོད་མི་རིགས་ཀྱི་རིག་གཞུང་ཁྲོད་དུ་ལོ་རྒྱུས་སུ་གསལ་བའི་ཡུལ་དུས་གནས་སྐབས་རྗེས་དྲན་དང། རླབས་ཆེན་གྱི་མི་སྣ་དེ་དག་ནུབ་པ་མེད་པར་ནམ་ཡང་མིག་སྔར་ཀྲོང་ངེར་གསལ་བའི་དྲན་རྟེན་བཞེངས་པ་སོགས་ལམ་སྲོལ་ཡོད་པ་དཔེར་ན། སྟོན་པ་སངས་རྒྱས་ཀྱིས་མཉན་ཡོད་ཆོ་འཕྲུལ་གྱི་མཛད་པ་རྗེས་སུ་དྲན་པ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་ཆེན་སྟག་སྒྲ་ཀླུ་གོང་གི་རྒྱ་ནག་ཐང་གི་རྒྱལ་ས་ཕབས་ཏེ་བོད་ཀྱི་དཔྱ་བསྡུ་བ་སོགས་དཔའ་བོའི་མཛད་པ་རྗེས་དྲན་ཕོ་བྲང་པོ་ཏཱ་ལའི་རྡོ་རིང་སོགས་མཐའ་ཡས་པ་ཞིག་དུས་ད་ལྟའང་བྱེད་པ་མཐོང་རྒྱུ་ཡོད། དེ་ལ་དུས་རབས་ཉི་ཤུ་པར་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ཀྱིས་བོད་རྒྱལ་ཁབ་ཡོངས་རྫོགས་བཙན་བཟུང་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་དུ་འགྲོ་བའི་གཉན་འཕྲང་ཡ་ང་བར་གྱུར་ཚེ་༸གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྟོན་འཁོར་འགའ་ཞིག་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བར་རྒྱ་གར་གཞུང་དང་མི་དམངས་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་སྐྱབས་བཅོལ་གཞིས་སྒར་འཛུགས་འཐུས་བཀའ་དྲིན་བསྐྱང་བ་བཞིན། དེ་དག་ཏུ་ཆོས་དང་རིག་གཞུང་གི་བསྟི་གནས་བོད་ཀྱི་གཏན་སློབ་ཁག་དང་། གདན་ས་དང་བཤད་གྲ་དུ་མ་གསར་འཛུགས་བཀའ་དྲིན་བསྐྱངས་པ་དང་། རླབས་ཆེན་གྱི་མཛད་པ་དེ་དག་གི་ཡ་གྱལ་རིས་མེད་སྐྱེ་དགུའི་ཕན་བདེའི་རྩ་ལག་བོད་ཀྱི་ཐུན་མོང་མིན་པའི་སྨན་རྩིས་ཀྱི་རིག་པ་འདི་ཉིད་སྐྱར་གསོའི་སླད་སྐྱབས་བཅོལ་དུ་ཞབས་ཕྱིར་འབྲངས་པའི་སྨན་རྩིས་མཁས་པ་རྣམས་རྡ་རམ་སཱ་ལཱར་བསྡུ་བསྐོང་མཛད་དེ་སྤྱི་ལོ་༡༩༦༡ ཟླ་༩ ཚེས་༡༡ ཉིན་འཕགས་ཡུལ་དུ་བོད་ཀྱི་སྨན་རྩིས་བསྟན་པ་སླར་གསོའི་མཛད་འཆར་བཀའ་དྲིན་བསྐྱང་བ་ཁུངས་ལྡན་གཞུང་འབྲེལ་ཡིག་ཆ་ཁག་ཏུ་གསལ་བ་བཞིན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༣༠ པའི་གྲོས་ཆོད་དོན་ཚན་༣ དགོངས་དོན་གོང་གསལ་གྱི་དུས་ཚེས་དེ་རྒྱལ་ཡོངས་གསོ་བ་རིག་པའི་ཉིན་མོར་གཏན་འབེབས་བྱས་པ་དང་། ཉིན་མོ་དེར་འབྲེལ་ཡོད་ཚང་མས་དུས་ཚེགས་སྲུང་རྩིའི་སྒོ་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་དྲན་དང་། དུས་ཚེགས་སྲུང་རྩིའི་དགོས་པ་གཙོ་བོ་སྔོན་བྱོན་བོད་ཀྱི་ཡབ་མེས་རྣམས་ཀྱི་རྣམ་ཐར་ལ་རྗེས་སུ་བསླབས་ཏེ་གསོ་བ་རིག་པའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་སླད་འཁོར་ལོ་གསུམ་གྱི་བྱ་བ་ལྷོད་པ་མེད་པར་སྐྱོང་བ་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༩ ཚེས་༧ ལ།།

ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དུ་སྤྱི་བཏང་རྟོགས་ཞིབ་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གཏན་འབེབས་གནང་བའི་བོད་ཀྱི་གསོ་བ་རིག་པའི་དཀའ་བཅུ་པའི་སློབ་གཉེར་ཁང་ངོས་ལེན་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་དགོངས་དོན་ཕྱི་ལོ་༢༠༠༦ ལོར་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དེ་བཞིན་བོད་ཀྱི་གསོ་བ་རིག་པའི་དཀའ་བཅུ་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་ཕྲལ་སེལ་ངོས་ལེན་དེབ་སྐྱེལ་གནང་ཞིང་ཕྱི་ལོ་༢༠༡༢ ལོར་གོང་གསལ་སྒྲིག་གཞི་དགོངས་དོན་ཆེད་བསྐོས་རྟོགས་ཞིབ་ཚོགས་ཆུང་ནས་རྟོགས་ཞིབ་ཀྱིས་དེ་གའི་སློབ་ཁང་དེ་བཞིན་བོད་ཀྱི་གསོ་བ་རིག་པའི་དཀའ་བཅུ་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་གཏན་འཇགས་ངོས་ལེན་དེབ་སྐྱེལ་གནང་། ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་འདི་ནི་ཐོག་མར་ཕྱི་ལོ་༡༩༩༢ ལོར་༸སྐྱབས་རྗེ་ཁྲོ་དགའ་བོ་རིན་པོ་ཆེ་མཆོག་ནས་དེ་སྔ་ཕྱི་ལོ་༡༦༩༦ ལོར་༸གོང་ས་སྐུ་འཕྲེང་ལྔ་པ་ཆེན་པོ་མཆོག་གི་དགོངས་གཞི་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཆེད་བཙུགས་གནང་བའི་ལྕགས་པོ་བོད་སྨན་སློབ་གཉེར་ཁང་དེ་ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་རྩ་གཏོར་བཏང་བ་དེའི་དྲན་རྟེན་དུ་རྒྱ་གར་ནུབ་སྦེང་གཱལ་མངའ་སྡེའི་རྡོ་རྗེ་གླིང་དུ་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་འདི་ཆེད་བཙུགས་གནང་བ་ཞིག་ཆགས་ཡོད། སློབ་ཁང་དེ་ནས་ད་བར་སློབ་ཐེངས་གྲངས་དྲུག་ནང་ཁྱོན་སྨན་པ་གྲངས་༥༨ དཀའ་བཅུ་པའི་སློབ་ཐོན་ཟིན་ཡོད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༨ ཟླ་༧ ཚེས་༣༠ ཉིན་རྟོགས་ཞིབ་གཙོ་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་དང་རྟོགས་ཞིབ་ཚོགས་མི་རྡོར་གླིང་ས་གནས་འགོ་འཛིན་སྐུ་ངོ་མིག་དམར་རྡོ་རྗེ་ལགས། དེ་བཞིན་ས་གནས་སྨན་པ་བློ་བཟང་དོན་འགྲུབ་ལགས་བཅས་ཚོགས་མི་གསུམ་ལས་གྲུབ་པའི་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་དེ་གའི་སློབ་ཁང་དུ་སྤྱི་བཏང་རྟོགས་ཞིབ་ཆེད་ཕེབས་གནང་ཡོད། རྟོགས་ཞིབ་རྒྱུད་རིམ་ནང་དེ་གའི་སློབ་ཁང་དུ་ལྷན་ཚོགས་ནས་གཏན་འབེབས་གནང་བའི་རྩ་འཛིན་སྒྲིག་གཞི་རྣམས་སྒྲིག་མཐུན་གནང་མིན། གཞན་ཡང་སློབ་ཁང་དེར་དགོས་ངེས་ཆ་རྐྱེན་རྣམས་ཚང་མིན། འཛིན་སྐྱོང་དང་ཁོར་ཡུག་སོགས་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་རྟོགས་ཞིབ་གནང་ཡོད། རྟོགས་ཞིབ་བརྒྱུད་རིམ་ལས་ད་ལྟའི་འཆར་མཐོ་སློབ་དེར་སྨན་དགེ་གྲངས་གསུམ་དང་རིག་དགེ་དང་རྩིས་དགེ་གཅིག་ལྕོག་གཅིག་བཅས་སློབ་འཁྲིད་དགེ་རྒན་བཞིའི་འོག་སྨན་སློབ་སྐབས་བདུན་པ་དང་བརྒྱད་པ་བཅས་ཁྱོན་སྨན་སློབ་གྲངས་༢༢ སློབ་སྦྱོང་གནང་བཞིན་ཡོད་འདུག སློབ་ཁང་དེ་བཞིན་ཐོག་མར་ཕྱི་ལོ་༡༩༩༤ ལོར་ཡུལ་ཁྲིམས་དང་མཐུན་པར་ཚོགས་པ་དེབ་སྐྱེལ་གནང་ཞིང་འཛིན་སྐྱོང་ཚོགས་མིར་འགན་འཛིན་ལྷན་ཚོགས་ཚོགས་མི་གྲངས་བདུན་དང་དེ་བཞིན་འཛིན་སྐྱོང་ལས་བྱེད་དང་སྨན་སྦྱོར་སྨན་པ། བརྟག་དཔྱད་སྨན་པ་བཅས་ལས་མི་གྲངས་༢༠ ཙམ་རྒྱུན་དུ་ ཕྱག་ལས་འགན་འཁུར་གནང་བཞིན་འདུག སྒྲིག་གསལ་བཞིན་མཐོ་སློབ་དེར་སློབ་འཁྲིད་གཙོ་བོ་རྒྱུད་བཞི་དང་དེ་མིན་ཡན་ལག་སློབ་ཚན་ཁག་རྩ་འཛིན་དགོངས་དོན་གནང་བཞིན་འདུག་པ་དང་། སློབ་སྦྱོང་གི་ཆ་རྐྱེན་དུ་འཛིན་ཁང་དང་དཔེ་མཛོད་ཁང་། སློབ་མའི་ཉལ་ཁང། སྨན་སྦྱོར་ཁང་དང་བརྟག་དཔྱད་སྨན་ཁང་བཅས་མཐོ་སློབ་གཅིག་ལ་ངེས་པར་ཚང་དགོས་ཀྱི་ཆ་རྐྱེན་ཕལ་ཆེར་ཚང་ཡོད། ཚོགས་ཆུང་གི་ལས་བསྡོམས་སྙན་ཐོ་དེ་བཞིན་ལྷན་ཚོགས་ཚོགས་ཐེངས་རྗེས་མའི་ནང་སྙན་གསན་གྲོས་བསྡུར་གནང་རྒྱུ་ཡིན་པ་བཅས་རྟོགས་ཞིབ་ལས་བསྡོམས་སྙིང་བསྡུས་སུ།།  

སྨན་པ་དེབ་སྐྱེལ་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས།

དགོངས་གསལ་བཞིན་ཕྱི་ལོ་༢༠༡༠ ལོར་གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་བ་ལས་རིམ་པས་གསོ་རིག་སློབ་གཉེར་ཁང་དང་དེ་ནས་སློབ་ཐོན་སྨན་པ་རྣམས་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་འོག་དེབ་སྐྱེལ་གནང་དགོས་ཆགས་རྒྱུ་ཡིན་ནའང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ཆེད་འཛུགས་གནང་བའི་ཚོགས་པ་གལ་ཆེ་ཞིག་ཡིན་པ་དང་ལྷན་ཚོགས་འདི་དོན་མཐུན་སྲ་བརྟན་རྒྱུན་གནས་དགོས་རྒྱུ་ཤིན་ཏུ་གལ་ཆེ་བར་སོང་ལྷན་ཚོགས་ནས་ཕྱི་ལོ་༢༠༡༨ ཟླ་༥ ཚེས་༡༨ ཉིན་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་ཚོགས་འདུའི་ཐོག་གྲོས་ཆོད་བྱུང་དོན། གསོ་བ་རིག་པའི་སློབ་ཐོན་སྨན་པ་རྣམས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ལྷག་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདིའི་ཁྲིམས་ཡིག་ལ་བརྩི་བཀུར་ཞུས་པའི་ཐོག་སྒྲིག་མཐུན་སློབ་གཉེར་ཐོན་ནས་ལོ་གཅིག་གི་ནང་ཚུད་ལྷན་ཚོགས་འོག་སྨན་པའི་ཐོ་འགོད་དེབ་སྐྱེལ་གནང་དགོས་པ་དང་དེབ་སྐྱེལ་མེད་པའི་སྨན་པ་རྣམས་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༡༠།༥ དགོངས་དོན་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་ངོས་ལེན་མེད་ཅེས་གསལ་ཡོད་ན་འདས་པའི་ལོ་༡༤ ལྷག་ཙམ་རིང་ཁྱོན་གསོ་བ་རིག་པའི་སྨན་པ་གྲངས་༤༩༡ ཙམ་ལྷན་ཚོགས་འདིའི་འོག་སྨན་པའི་ཐོ་འགོད་དེབ་སྐྱེལ་གནང་ཡོད་པ་དང་འབྱུང་འགྱུར་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ནས་སྨན་པའི་དེབ་སྐྱེལ་སྒོ་འཛུགས་རྗེས་སུའང་ལྷན་ཚོགས་འདི་མུ་མཐུད་ ནས་གནས་རྒྱུར་སོང་སློབ་ཐོན་སྨན་པ་རྣམས་ངེས་པར་དུ་ལྷན་ཚོགས་འདིའི་སྨན་པའི་ཐོ་འགོད་དེབ་སྐྱེལ་གནང་དགོས་པ་དེ་དོན་ གལ་ཆེའི་གསལ་བསྒྲགས་སུ་ཞུ།། གཞུང་འབྲེལ་གསལ་བསྒྲགས་ཡིག་ཆ་འདིར་བསྣུན་ན་གཟིགས་ཀློག་ཐུབ།

ཟབ་སྦྱོང་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༡༨ ཟླ་༩ ཚེས་༣ ནས་ཚེས་༨ བར་ཉིན་གྲངས་དྲུག་རིང་བཞུགས་སྒར་རྡ་རམ་སཱ་ལཱར་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་ཟབ་འཁྲིད་ཐེངས་དྲུག་པ་དེ་བསྐོང་འཚོག་གནང་གཏན་འཁེལ་ཡོད། ཟབ་འཁྲིད་འདི་ བཞིན་རྒྱ་གར་དབུས་གཞུང་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་(AYUSH schemes)ནས་རོགས་དངུལ་ཞུས་ཐོབ་བྱུང་བ་ཞིག་ཡིན་པས་དེ་གའི་ལམ་སྟོན་ནང་གསལ་ཟབ་འཁྲིད་འདིར་སྨན་པ་གྲངས་༣༠ ལས་གོ་སྐབས་མེད་པས་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ནས་ཟབ་འཁྲིད་འདིར་བཅར་འདོད་ཡོད་ཚེ་ཕྱི་ལོ་༢༠༡༨ ཟླ་༨ ཚེས་༢༠ འགྱངས་མེད་ལྷན་ཚོགས་སུ་ཚོགས་བཅར་ཐོ་འགོད་གནང་རོགས་ཞུ། ལམ་སྟོན་ཡིག་ཆ་ནང་གསལ་ཟབ་འཁྲིད་འདིར་སྨན་པ་གྲངས་༣༠ ལས་མང་བ་ཐོ་འགོད་ གནང་ཚེ་དེ་སྔ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ཟབ་འཁྲིད་ཞུས་ཐོབ་མ་བྱུང་བ་རྣམས་ལ་གོ་སྐབས་དང་པོ་འབུལ་རྒྱུ་ཡིན། ཟབ་འཁྲིད་འདིར་བཞུགས་མཁན་སྨན་པ་རྣམས་ཀྱི་ལམ་གྲོན་(མེ་འཁོར་ཨང་གཉིས་AC-II Tier པའི་རིན་གོང་ནང་ཚུད་འགྲོ་གྲོན།)དང་ཟབ་སྦྱོང་ཉིན་དྲུག་རིང་གི་བཞུགས་ཡུལ་མགྲོན་ཁང་དང་སྔ་དགོང་ལྟོ་དོད། ཉིན་དགུང་ཞལ་ལག་བཅས་ལམ་སྟོན་ཡིག་ཆ་ནང་གསལ་འབུལ་རྒྱུ་ཡིན། ཟབ་འཁྲིད་ཀྱི་གསལ་བསྒྲགས་དང་ལས་རིམ་རགས་ཟིན་བཅས་གཤམ་དུ་གཟིགས་གནང་ཡོང་བ་ཞུ། གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་ཟབ་འཁྲིད་ཀྱི་གསལ་བསྒྲགས། གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ལས་རིམ།  

སྨན་སྦྱོར་དེབ་སྐྱེལ་དང་འབྲེལ་བའི་གསལ་བསྒྲགས།

༄༅། །མཁྱེན་ཡངས་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ཆེད་གཉེར་སྨན་པ་རྣམས་ཀྱི་སྙན་ལམ་དུ།། ཆེད་ཞུ། དགོངས་གསལ་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནི་ཕྱི་ལོ་༢༠༠༤ ལོར་ཆེད་འཛུགས་གནང་ཞིང་འདས་པའི་ལོ་བཅུ་བཞི་ལྷག་ཙམ་རིང་ལྷན་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་དགོངས་དོན་གསོ་བ་རིག་པའི་སློབ་གཉེར་ཁང་དང་སློབ་ཐོན་སྨན་པ། དེ་བཞིན་གསོ་རིག་སྨན་དང་སྨན་སྦྱོར་ཁང་བཅས་ཚད་འཛིན་ངོས་ལེན་གྱིས་དེབ་སྐྱེལ་གནང་དང་གནང་མུས་ཡིན། ལྷན་ཚོགས་ཚོགས་ཐེངས་རིམ་པའི་ནང་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་སྒྲིག་གཞིར་བསྐྱར་ཞིབ་ཀྱིས་བསྐྱར་བཅོས་དགོས་རིགས་ལ་བསྐྱར་བཅོས་གཏན་འབེབས་གནང་བཞིན་ཉེ་བའི་ལྷན་ཚོགས་ཚོགས་ཐེངས་༢༨ པའི་ཐོག་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞིར་བསྐྱར་ཞིབ་ཀྱིས་སྒྲིག་གཞི་དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་སོང་ཁོངས་སྒྲིག་གཞི་དོན་ཚན་༡༡ པ་སྨན་སྦྱོར་སྡེ་ཚན་གྱི་དབྱེ་བ། ག་༽པར་སྨན་སྦྱོར་སྡེ་ཚན་གང་ཞིག་སོ་སོའི་བརྟག་དཔྱད་སྨན་ཁང་དུ་བསྟེན་གཏུགས་ནད་པའི་ཆེད་སྨན་སྦྱོར་བཟོ་བྱེད་བཞིན་པ་རྣམས་ཀྱང་ལྷན་ཚོགས་འོག་དེབ་སྐྱེལ་གནང་རྒྱུའི་ཆ་རྐྱེན་བསྐྲུན་ཡོད་ན་འབྲེལ་ཡོད་གསོ་རིག་སྨན་སྦྱོར་ཆེད་གཉེར་བ་རྣམས་ནས་སྒྲིག་གཞི་བསྐྱར་བཅོས་ལ་གཟིགས་ཞིབ་ཀྱིས་ལྷན་ཚོགས་འོག་སྨན་སྦྱོར་དེབ་སྐྱེལ་ངེས་པར་གནང་དགོས་པའི་གསལ་བསྒྲགས་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༨ ཟླ་༧ ཚེས་༢ ལ་ཕུལ།། གསལ་བསྒྲགས་དང་སྨན་སྦྱོར་སྒྲིག་གཞི་བསྐྱར་བཅོས་སོང་བ་རྣམས་འདིར་བསྣུན་ན་གཟིགས་ཀློག་ཐུབ།