ལྷན་ཚོགས་ཀྱི་བྱུང་རིམ།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་བཞིན་ཐོག་མར་ཕྱི་ལོ་༢༠༠༤ ཟླ་༡ ཚེས་༥ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་ནས་དེ་ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཅེས་སྐབས་བཅུ་གསུམ་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་གཏན་འབེབས་གནང་ཞིང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་མཚན་རྟགས་འཁོད་པའི་ཁྲིམས་ཡིག་དེ་གསལ་བསྒྲགས་གནང་བའི་ཐོག་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་དང་པོའི་ཚོགས་མི་འོས་འདེམས་གནང་བའི་ཉིན་མོ་དེར་ལྷན་ཚོགས་འདི་དབུ་བརྙེས་པ་ཡིན།
ལྷན་ཚོགས་འདི་བཞིན་ཕྱི་ལོ་༢༠༡༡ ལོར་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཚོགས་པ་དེབ་སྐྱེལ་གྱི་ཁྲིམས་སྒྲིག་འོག་ཚོགས་པ་ཞིག་གི་མིང་ཐོག་དེབ་སྐྱེལ་(དེབ་སྐྱེལ་ཨང་། Reg. no. 4348/C/H/R/C) ཞུས་སྤྲོད་ཐོབ་པ་ཞིག་ཡིན་ལ་ད་ལྟའི་འཆར་ལྷན་ཚོགས་འདི་རྒྱ་གར་ཧི་མཱ་ཅལ་མངའ་སྡེ་ཀངྒ་ར་རྫོང་ཁོངས་རྡ་རམ་སཱ་ལ་གངས་ཅན་སྐྱིད་གཤོངས་སུ་ཆགས་ཡོད།
ལྷན་ཚོགས་ཀྱི་དམིགས་ཡུལ།
བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་དར་སྤེལ་བྱ་རྒྱུ།
གསོ་རིག་སློབ་གཉེར་ཁང་དང་སློབ་ཐོན་སྨན་པ། སྨན་སྦྱོར་བཅས་ཚད་ལྡན་ངོས་ལེན་དེབ་སྐྱེལ་བཏང་འཛིན་བྱ་རྒྱུ།
གསོ་བ་རིག་པའི་ཤེས་ཚད་གནས་རིམ་དང་སློབ་ཚན་རྩ་འཛིན་གྱི་སྒྲིག་གཞི་གཏན་འབེབ་ལག་བསྟར་ཞུ་རྒྱུ།
སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་གསོ་བ་རིག་པའི་ཐོག་ཟབ་སྦྱོང་དང་ཚོགས་ཆེན་གོ་སྒྲིག་ཞུ་རྒྱུ།
སྲོལ་རྒྱུན་སྨན་ལུགས་གཞན་དང་མཉམ་འབྲེལ་ཐོག་གསོ་བ་རིག་པ་རྒྱལ་ཕྱི་རྒྱལ་ནང་དུ་ངོས་ལེན་ཐོབ་ཐབས་བྱ་རྒྱུ།
ལྷན་ཚོགས་ཀྱི་ཚོགས་མི།
༡། འཛིན་སྐྱོང་ཚོགས་མི།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་ཀྱི་གསོ་བ་རིག་པའི་༸སྐུའི་བླ་སྨན་པ་བགྲེས་པའམ་བླ་སྨན་ཞབས་ཞུ་བ་བགྲེས་པའི་ཚོགས་མི་གཅིག བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་ཚོགས་མི་བཞི། ༼བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་དང། སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་པ་ཡིན་ཚེ་སྨོས་མེད་ཐོག གཞན་སྨན་རྩིས་ཁང་ཁྱབ་ཁོངས་སྨན་པ་རྣམས་ཀྱིས་འོས་འདེམས་བྱེད་དགོས།༽ གཞན་ཡོངས་ཁུངས་ནས་ཚོགས་མི་བཞི། ༼ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོ་སློབ་ཀྱི་སློབ་སྤྱི། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་སྡེ་ཚན་གྱི་འགན་འཛིན། གསོ་རིག་འབུམ་བཞིའི་རྒྱུན་འཛིན་སྨན་པ་རྣམས་ཀྱིས་འོས་འདེམས་བྱེད་པའི་སྨན་པ་གཅིག ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་འགན་འཛིན།གོང་གསལ་དོན་ཚན་གང་དུ་ཡང་མེད་པའི་སྨན་པ་རྣམས་ཀྱིས་འོས་འདེམས་བྱེད་པའི་སྨན་པའི་སྐུ་ཚབ་གཉིས། འཕྲོད་བསྟེན་ལས་ཁུངས་ནས་དམིགས་འཛུགས་གནང་བའི་ཕྱི་ལུགས་ཀྱི་སྨན་པ་གཅིག གསོ་རིག་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་བོད་མི་མ་ཡིན་པའི་སྨན་པ་རྣམས་ནས་རང་ཁོངས་འོས་འདེམས་བྱེད་པའི་སྨན་པ་གཉིས་བཅས་འཛིན་སྐྱོང་ཚོགས་མི་བཅུ་བཞི་ཡོད་པ་ལས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བོད་ཀྱི་གསོ་བ་རིག་པའི་སྐུའི་བླ་སྨན་པ་བགྲེས་པའམ་བླ་སྨན་ཞབས་ཞུ་བ་བགྲེས་པའི་ཚོགས་མི་དང་བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་སྨན་པ་གཅིག་གཉིས་ཚོགས་མི་གཅིག་ཡིན་པས་ཁྱོན་བསྡོམས་ལྷན་ཚོགས་འཛིན་སྐྱོང་ཚོགས་མི་བཅུ་གསུམ་ཡོད་པ་ཡིན།
༢། ས་གནས་འབྲེལ་མཐུད་པ།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་ས་གནས་སུ་ཡོད་པའི་སྨན་པ་རྣམས་ཀྱི་དབར་འབྲེལ་བ་དང་ལྷག་པར་ས་གནས་སུ་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ངོ་སྤྲོད་དང་ལས་དོན་གསལ་བསྒྲགས་སོགས་གནང་རྒྱུའི་སླད་རྒྱ་གར་ནང་གི་ས་གནས་ཆེ་ཁག་ཏུ་འབྲེལ་མཐུད་པ་གྲངས་ལྔ་དང་ཕྱི་རྒྱལ་ཁག་ཏུ་འབྲེལ་མཐུད་སྨན་པ་གྲངས་ལྔ་བཅས་ལྷན་ཚོགས་འོག་ས་གནས་འབྲེལ་མཐུད་པ་གྲངས་བཅུ་བསྐོ་གཞག་ཐོག་ལས་དོན་གནང་བཞིན་ཡོད།
༣། དེབ་སྐྱེལ་ཚོགས་མི།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༩།༡༠ དགོངས་དོན་ཕྱི་ལོ་༢༠༠༦ ལོ་ནས་གསོ་བ་རིག་པའི་སྨན་པ་རྣམས་དེབ་སྐྱེལ་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་ལག་བསྟར་གནང་བ་བཟུང་ད་བར་ཁྱོན་སྨན་པ་གྲངས་༥༩༤ དེབ་སྐྱེལ་ཞུས་སྤྲོད་གནང་ཟིན། གཞན་ཡང་རྒྱལ་ཕྱི་རྒྱལ་ནང་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་དོན་སྤྱི་དང་ལྷག་པར་ལྷན་ཚོགས་འདིར་དགའ་གུས་ཡོད་པའི་བོད་སྨན་མཐུན་གྲོགས་ཀྱི་ཚོགས་མི་གྲངས་༡༠༣ རང་མོས་ནས་དེབ་སྐྱེལ་གནང་ཡོད།།