བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༠ ཟླ་༦ ཚེས་༩ ཉིན་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་བོད་གཞུང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དུ་རྟོགས་ཞིབ་ཆེད་ཕེབས་གནང། ཚོགས་ཆུང་གི་སྙན་ཐོ་ལྷན་ཚོགས་སུ་ཕུལ་འབྱོར་བྱུང་བར་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་སྙན་ཐོར་གཟིགས་ཞིབ་གྲོས་བསྡུར་ལེགས་པར་བྱུང་བའི་རྗེས་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དེ་བཞིན་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ཁང་ཚད་ལྡན་ཞིག་ཏུ་ངོས་ལེན་དེབ་སྐྱེལ་ཞུས་སྤྲོད་ཟིན།

ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭ།

ཕྱི་ལོ་༢༠༡༠ ལོར་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་ཞེས་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་ངོས་ལེན་བྱེད་ཕྱོགས་སྒྲིག་གཞི་འདིའི་དགོངས་དོན་ཕྱི་ལོ་༢༠༡༢ ཟླ་༦ ཚེས་༡༤ ཉིན་རྟོགས་ཞིབ་ཚོགས་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་གི་ཚོགས་མི་རྣམས་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭར་རྟོགས་ཞིབ་གནང། རྟོགས་ཞིབ་ཚོགས་ཆུང་ནས་རྟོགས་ཞིབ་ལས་བསྡོམས་སྙན་ཐོ་ལྷན་ཚོགས་སུ་ཕུལ་འབྱོར་བྱུང་བར་སྙན་ཐོའི་ནང་གསལ་དོན་གནད་ལ་གཟིགས་ཞིབ་ཀྱིས་གོང་གསལ་སྨན་སྦྱོར་སྡེ་ཚན་དེ་བཞིན་ཕྱི་ལོ་༢༠༡༢ ཟླ་༧ ཚེས་༡༩ ནས་ལོ་གསུམ་གྱི་རིང་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་ངོས་ལེན་དེབ་སྐྱེལ་ཞུས་སྤྲོད་གནང།

༸རྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང།

ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༣༠ ཉིན་ལྷན་ཚོགས་ནས་ཆེད་འཛུགས་གནང་བའི་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་༸རྒྱལ་བའི་བླ་སྨན་ཟུར་པར་ཡེ་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང་དུ་རྟོགས་ཞིབ་ཕེབས། སྒྲིག་གཞི་དགོངས་དོན་སྨན་སྦྱོར་ཁང་གི་སྨན་རྒྱུ་དང་སྨན་སྦྱོར། ཉེ་འཁོར་ཁོར་ཡུག་དང་གཙང་འཕྲོད། སྨན་སྦྱོར་ཆེད་ལས་པ་དང་ལས་བྱེད་ལས་མི་སོགས་སྒྲིག་གཞི་ནང་གསལ་དོན་གནད་ཆ་ཚང་བར་རྟོགས་ཞིབ་གནང་བའི་སྙན་ཐོར་ལྷན་ཚོགས་ནས་གྲོས་བསྡུར་གནང་བའི་མཐར་གོང་གསལ་སྨན་སྦྱོར་ཁང་དེ་བཞིན་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༧ ནས་ལོ་གསུམ་གྱི་རིང་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་ངོས་ལེན་དེབ་སྐྱེལ་ཞུས་སྤྲོད་ཐོབ་ཡོད།

བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང།

ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༣ ལོར་ལྷན་ཚོགས་ནས་བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང་དུ་རྟོགས་ཞིབ་གནང་ནས་རྟོགས་ཞིབ་ལས་བསྡོམས་སྙན་ཐོ་ལྷན་ཚོགས་སུ་ཕུལ་འབྱོར་བྱུང་བ་དང། ལྷན་ཚོགས་ནས་དེ་དོན་གྲོས་བསྡུར་བྱུང་བའི་མཐར་བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང་དེ་བཞིན་ཕྱི་ལོ་༢༠༡༣ ཟླ་༧ ཚེས་༡༨ ནས་ལོ་གསུམ་གྱི་རིང་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་འཕྲལ་སེལ་ངོས་ལེན་དེབ་སྐྱེལ་ཞུས་སྤྲོད་ཟིན།

གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང།

ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༡༦ ཉིན་རྟོགས་ཞིབ་ཚོགས་མི་བཞི་ལས་གྲུབ་པའི་ཚོགས་ཆུང་གི་ཚོགས་མི་རྣམས་གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང་དུ་རྟོགས་ཞིབ་ཆེད་ཕེབས་གནང། སྒྲིག་གཞི་ནང་གསལ་སྨན་སྦྱོར་ཁང་དུ་དགོས་ངེས་ཆ་རྐྱེན་དང་བཅས་པར་ལེགས་པར་རྟོགས་ཞིབ་གནང་བའི་སྙན་ཐོར་ལྷན་ཚོགས་ནས་གཟིགས་ཞིབ་ལེགས་པར་གནང་ནས་མཐར་གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང་དེ་བཞིན་ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༠ ནས་ལོ་གསུམ་གྱི་རིང་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་འཕྲལ་སེལ་ངོས་ལེན་དེབ་སྐྱེལ་ཞུས་སྤྲོད་གནང།