ངོ་སྤྲོད་མདོར་བསྡུས།

བོད་ཀྱི་གསོ་བ་རིག་པའམ་དེང་བོད་སྨན་ཞེས་ཡོངས་སུ་གྲགས་པ་འདི་ནི་བོད་ཀྱི་རིག་པའི་གནས་ཆེ་བ་ལྔའི་ཡ་གྱལ་གཞན་རྗེས་སུ་འཛིན་པའི་རིག་གནས་གལ་ཆེ་ཤོས་ཞིག་ཡིན། གསོ་བ་རིག་པ་འདི་ནི་འཛམ་གླིང་ནང་སྲོལ་རྒྱུན་སྨན་ལུགས་རྙིང་ཤོས་ཤིག་དང་ལག་ལེན་གྱི་རྒྱུན་བར་མི་ཆད་པར་འཚོ་གནས་ཡོད་པའི་སྨན་ལུགས་ཁུངས་བཙན་ཤོས་ཤིག་ཀྱང་ཡིན། གསོ་བ་རིག་པའི་གཞུང་དང་ལག་ལེན་གྱི་གཞི་རྩའི་སྨན་གཞུང་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དེ་ཡོངས་གྲགས་སུ་རྒྱུད་བཞི་ཞེས་པ་དེ་ཡིན། ཕྱི་ལོ་༡༩༠༨ ལོར་གསོ་རིག་སྨན་གཞུང་རྒྱུད་བཞི་འདི་ཐོག་མར་ཨུ་རུ་སུའི་སྐད་ནང་ཆ་ཚང་བར་བསྒྱུར་ཡོད་པ་དང་འདི་ནི་དུས་རབས་ཉི་ཤུ་པའི་སྒོར་ཉི་ཧོང་དང་ཇཱར་མན། ཧྥཱརན་སི་དང་ཨིན་སྐད་ནང་དུམ་བུ་འགའ་བསྒྱུར་ཡོད་འདུག གསོ་བ་རིག་པའི་གཞུང་དང་ལག་ལེན་འདི་ཉིད་དེང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་དང་བལ་ཡུལ་འབྲུག་རུ་སོག་སོགས་ཧི་མ་ལ་ཡའི་རི་བརྒྱུད་གཙོས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དར་ཁྱབ་ཆེ་ཆེར་འགྲོ་བཞིན་པ་ཡིན། བོད་དུ་དུས་འགྱུར་བྱུང་བའི་རྗེས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འོག་བཙན་བྱོལ་དུ་བོད་ཀྱི་སྨན་དང་རྩིས་རིག་སློབ་གཉེར་ཆེད་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དང་དེ་ནས་རིམ་པས་ལྕགས་པོ་རི་དྲན་རྟེན་སློབ་གཉེར་ཁང་སོགས་གསོ་བ་རིག་པའི་སློབ་གཉེར་ཁང་ཆེད་བཙུགས་ཀྱིས་གསོ་རིག་གཞུང་དང་ལག་ལེན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་པ་བརྒྱུད་གསོ་རིག་བསྟན་པའི་ཉི་མ་འཛམ་གླིང་ཡུལ་གྲུ་ཀུན་ལ་དར་སྤེལ་ཆེ་ཆེར་འགྲོ་བཞིན་ཡོད།

Picture1བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།