ཕྱི་ལོ་༢༠༠༤ ལོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་ཉིད་དབུ་བརྙེས་པ་ནས་བཟུང་ལྷན་ཚོགས་ཀྱི་ཁྲིམས་ཡིག་དགོངས་དོན་བོད་ཀྱི་གསོ་རིག་སྨན་པ་དང་གསོ་རིག་སློབ་གཉེར་ཁང། དེ་བཞིན་གསོ་རིག་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་བཅས་ཀྱི་སྒྲིག་གཞི་གཏན་འབེབ་གནང་ནས་ཕྱི་ལོ་༢༠༠༦ ལོ་ནས་དེབ་སྐྱེལ་ལས་གཞི་སྒོ་བཙུགས་ཞུས།

བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམས་དེབ་སྐྱེལ།

ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༩།༡༠ དགོངས་དོན་ལྷན་ཚོགས་ནས་ཕྱི་ལོ་༢༠༠༦ ལོར་གསོ་རིག་སྨན་པ་རྣམས་དེབ་སྐྱེལ་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་ཀྱིས་གསོ་རིག་སྨན་པ་རྣམས་དེབ་སྐྱེལ་ཞུ་སྤྲོད་སྒོ་བཙུགས་ཞུས། སྒྲིག་གཞི་དགོངས་དོན་དེབ་སྐྱེལ་ཆ་རྐྱེན་ཚང་བ་རྣམས་ལ་ལྷན་ཚོགས་ནས་དེབ་སྐྱེལ་ལག་འཁྱེར་འབུལ་བཞིན་ཡོད། དེབ་སྐྱེལ་དང་འབྲེལ་བའི་ཐོག་དོགས་འདྲི་ཡོད་ཚེ་ལྷན་ཚོགས་སུ་ངེས་པར་འབྲེལ་བ་གནང་རོགས།

བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་དེབ་སྐྱེལ།

ཕྱི་ལོ་༢༠༠༦ ལོར་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་དཀའ་བཅུ་པའི་སློབ་གཉེར་ཁང་ངོས་ལེན་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་གནང་ནས་དེ་དོན་ཡོངས་ཁྱབ་གསལ་བསྒྲགས་གནང་བ་བརྒྱུད་དེབ་སྐྱེལ་ཞུ་སྤྲོད་སྒོ་བཙུགས་ཟིན། དེབ་སྐྱེལ་སྒྲིག་གཞི་དགོངས་དོན་སློབ་གཉེར་ཁང་གང་ཞིག་ནས་དེབ་སྐྱེལ་ཞུ་སྙན་འབྱོར་མཚམས་ལྷན་ཚོགས་ནས་རྟོགས་ཞིབ་ཚོགས་མི་གསུམ་ལས་མ་ཉུང་བའི་ཚོགས་ཆུང་བསྐོས་གཞག་ཐོག་སློབ་ཁང་དེར་རྟོགས་ཞིབ་གནང་གི་ཡོད་པ་ཡིན། རྟོགས་ཞིབ་ཚོགས་ཆུང་གི་སྙན་ཐོར་གཞི་བཅོལ་བའི་ཐོག་ལྷན་ཚོགས་ཚོགས་འདུའི་ཐོག་གྲོས་བསྡུར་གྱིས་ཐ་མའི་དེབ་སྐྱེལ་སྤྲོད་མིན་ཐག་གཅོད་གནང་གི་ཡོད། ད་ལྟའི་འཆར་ལྷན་ཚོགས་འོག་ཁྱོན་སློབ་གཉེར་ཁང་བཞི་གསོ་བ་རིག་པའི་དཀའ་བཅུ་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་གཏན་འཇགས་ངོས་ལེན་དེབ་སྐྱེལ་ཞུས་སྤྲོད་ཟིན།

བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་དེབ་སྐྱེལ།

ཕྱི་ལོ་༢༠༡༠ ཟླ་༣ ཚེས་༡༥ བོད་ཀྱི་གསོ་བ་རིག་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་གསལ་བསྒྲགས་གནང་ཐོག་གསོ་རིག་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་ཡོངས་ལ་དེབ་སྐྱེལ་ཞུ་དགོས་ཡོངས་ཁྱབ་གསལ་བསྒྲགས་གནང། སྒྲིག་གཞི་དགོངས་དོན་ད་བར་ལྷན་ཚོགས་འོག་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་གྲངས་ལྔ་ཚད་ལྡན་ངོས་ལེན་དེབ་སྐྱེལ་ཞུས་སྤྲོད་ཟིན།།